གསེར་ཁྲིར་མངའ་གསོལ་མཛད་སྒོ།
༸གོང་ས་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ ༨༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུས་གནང་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༡ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྩེ་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ ༨༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་འབྲེལ་བའི་“བྱམས་བརྩེའི་ལོ་”སྲུང་བརྩིའི་ཆ་ཤས་ཤིག་ཀྱང་ཡིན། མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཁག་ཕྱི་ནང་གི་ཐེ་གཏོགས་མེད་པར་རང་དབང་གི་ཐོག་ནས་གནང་བ་དེས། བོད་ཀྱི་རང་དབང་ལོ་རྒྱུས་གནས་བབ་རྒྱལ་སྤྱིའི་ཐོག་གསལ་འདོན་གནང་ཡོད་སྐོར་ནན་བཤད་གནང་སོང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༸གོང་ས་མཆོག་ནས་བོད་ཀྱི་ནང་ཆོས་ལ་དག་ཐེར་དང་། དེང་དུས་ཚན་རིག་དང་མཐུན་པའི་ཆོས་ལུགས་མཉམ་གནས་ཀྱི་ལྟ་གྲུབ་གསལ་སྟོན་གྱིས་འཛམ་གླིང་གི་དཀའ་ངལ་མང་པོར་གདོང་ལེན་གནང་ཡོད་པ་གསུངས་པ་དང་། སྐུ་མགྲོན་གཙོ་བོ་གཞན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤ་ས་ཐི་ཡ་ཐེ་མཆོག་གིས། བོད་མི་ཚོས་༸གོང་ས་མཆོག་གི་ལམ་སྟོན་འོག་བྱམས་བརྩེ་དང་འཚེ་བ་མེད་པའི་ལག་ལེན་བརྒྱུད་འཛམ་གླིང་ཡོངས་ལ་མིག་དཔེ་བཟང་པོ་བསྟན་ཡོད་པའི་བསྔགས་བརྗོད་ཀྱང་གནང་སོང་། །





