༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་སྩལ་འདུག

2 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་བཀའ་དྲིན་སྩལ་འདུག རྩ་བའི་དེ་རིང་གི་དམིགས་བསལ་མཇལ་ཁ་དེ་བཞིན་སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ་གྱི་གོ་སྒྲིག་ཚོགས་ཆུང་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་སྩལ་གནང་བ་ཞིག་རེད་འདུག་ལ།  དེ་རིང་གི་མཇལ་ཁའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་དྲུང་ཆེ་རྣམས་ནས་སྲི་ཞུ་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་༸གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་།  མཇལ་བཅར་བ་ལས་བྱེད་ཁྱོན་ ༤༩༤ ཡོངས་ནས་སྨོན་ལམ་གསུང་དོན་མ་ཟད།  སྔ་ལོར་བརྟན་བཞུགས་སྐབས་ཀྱི་ལྷག་འཕྲོ་ཧིན་སྒོར་འབུམ་དྲུག་༸གང་ཉིད་མཆོག་གི་སྐུ་སྒེར་ཡིག་ཚང་དགའ་ལྡན་ཕོ་བྲང་ལ་ཕུལ་འདུག མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས།  དེ་སྔ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཾདམིགས་བསལ་མཇལ་ཁ་སྩལ་གནང་གི་ཡོད་ཀྱང་། བར་ལམ་ཕྱི་ལོ་ ༢༠༡༩ ཙམ་ནས་སྲི་ཞུ་ལས་བྱེད་ཚོར་དམིགས་བསལ་མཇལ་ཁ་ཐོབ་མེད་པར་བརྟེན།  དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁོངས་སུ་གཞོན་སྐྱེས་མང་དག་ཅིག་ཡོད་དུས་ཁོང་རྣམས་ལ་སེམས་འགུལ་ཐེབས་གཞིར་འགྱུར་ཐུབ་པའི་གནད་འགག་ལ་དགོངས་བཞེས་ཀྱིས་༸གང་ཉིད་མཆོག་གི་དམིགས་བསལ་མཇལ་ཁ་དེ་ཉིད་ཞུས་གནང་ཡིན་པ་གསུངས་སོང་།  དེ་བཞིན་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས།  དེ་རིང་གི་དམིགས་བསལ་མཇལ་ཁ་དང་འབྲེལ། ༸གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དངོས་སུ་བསྐྱོན་ཐུབ་པ་དེས་སྲི་ཞུ་ལས་བྱེད་ཚོར་སེམས་ཤུགས་འཕར་མ་ཞིག་སྐྱེ་ངེས་ཡིན་པ་གསུངས་སོང་།  མ་ཟད་འདི་གའི་གསར་འགོད་པས་དེ་རིང་མཇལ་བཅར་ཞུས་མཁན་ཁོངས་སུ་ཡོད་པའི་སྲི་ཞུ་ལས་བྱེད་གཞོན་སྐྱེས་གཅིག་ལ་བཀའ་འདྲི་ཞུས་པར་ཁོང་རྣམ་པས།  དེ་རིང་གི་མཇལ་ཁའི་གོ་སྐབས་དེ་བཞིན་བསོད་ནམས་ཆེན་པོ་བྱུང་སོང་ལ།  ༸གང་ཉིད་མཆོག་གི་ཞལ་མཇལ་དེས་སྒེར་ལ་སེམས་ཤུགས་འཕར་མ་ཞིག་སྐྱེ་བའི་ཐོག་ཞབས་ཞུ་མུ་མཐུད་བསྒྲུབ་རྒྱུའི་ཚོར་བ་དམིགས་བསལ་ཞིག་སྐྱེས་བྱུང་སྐོར་འགྲེལ་བརྗོད་གནང་སོང་། 

The post ༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་ཁ་སྩལ་འདུག appeared first on vot.

Original Article