ཨ་མདོ་རྔ་བ་རུ་རྟེན་གཞི་བྱས་པའི་ཀིརྟི་དགོན་གྱི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ལོ་ལྔའི་བཙོན་འཇུག་གི་ལོ་ཡུན་མ་ཚང་གོང་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟའི་ཆར་ཆེས་དམ་དྲག་འོག་གནས་བཞིན་ཡོད་པ་རེད་འདུག གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ནག་ཉེས་འོག་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ཉིན་ཐོག་མར་འཛིན་བཟུང་བྱས་པ་དང་འབྲེལ། ལོ་ལྔའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁྲེན་ཏུའི་བཙོན་ཁང་དུ་བཞུགས་པའི་སྐབས་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་བཟང་སྤྱོད་ཀྱི་རྣམ་པ་བསྟན་པ་ལ་བརྟེན་ནས་ཁོ་པའི་བཙོན་འཇུག་ཟླ་བ་ཁ་ཤས་སྔ་སྣུར་གྱིས་གློད་བཀྲོལ་བཏང་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཟླ་བ་འདི་ཚེས་ ༡༢ ཉིན་དེ་གའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་ཡང་རང་ཉིད་ཀྱི་དགོན་པར་ཕྱིར་ལོག་མ་བཅུག་པར་ཁྱིམ་ཚང་དུ་བཟང་བཙོན་ལྟ་བུ་ལྟ་ཞིབ་དང་དམ་དྲག་ཤུགས་ཆེ་འོག་བཀག་ཉར་བྱེད་བཞིན་པ་རེད་འདུག ལས་འགུལ་ཁང་གིས་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་ཀྱི་སྐོར་ལ་གནས་ཚུལ་རྒྱུས་ལོན་ཐུབ་མེད་པ་དང་། ཁོང་བཙོན་ཁང་ནས་གྲོད་བཀྲོལ་མ་ཐོབ་གོང་དུ་ཁོང་གི་ཕ་འདས་གྲོངས་ཕྱིན་ཡོད་པ་གསུངས་འདུག རྩ་བའི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་ཡིན་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་མ་བྱས་པའི་གོང་། ཀིརྟི་དགོན་དུ་སློབ་གཉེར་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ཁོང་ལ་ཆབ་སྲིད་ཀྱི་ལས་འགུལ་མང་དག་ཅིག་དང་འབྲེལ་ནས་འཛིན་བཟུང་དང་འདྲི་རྩད་ཐེངས་ཁ་ཤས་བྱས་མྱོང་ཡོད་པ་རེད་འདུག
The post གྲྭ་འཕྲིན་ལས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་ཡང་ཆེས་དམ་དྲག་འོག་གནས་འདུག appeared first on vot.





