དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་གསུམ་པའི་ཐོག་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་ཁྲོད། ༸རྒྱལ་བའི་སྐུ་ཕྱྭ་དང་མཚན་གནས་སྲུང་སྐྱོབ། སྤྱི་ཚོགས་ཁྲོད་དུ་བཀའ་ཡིག་དང་གཞུང་འབྲེལ་གསལ་བསྒྲགས་སོགས་རྫུན་བཟོ་བྱེད་པའི་གནད་དོན། ཨོ་གླིང་ནང་དུ་ཆབ་སྲིད་བཙོན་ཟུར་གཞིས་སྤོའི་ལས་གཞི་དང་ཁོང་རྣམ་པའི་ལོ་རྒྱུས་ཕྱོགས་སྒྲིག བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་ཉེ་འདབས་གཞུང་ལམ་ཁག་གི་གནས་སྟངས་སོགས་དང་འབྲེལ་ནས་འདྲི་རྩད་ནན་པོ་གནང་སོང་། དེ་ཡང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཁྲོད། དེ་རིང་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་ལས་དོན་བྱེད་ཕྱོགས་ཐད་ལ་སྤྱི་འཐུས་རྣམ་པས་འདྲི་རྩད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས། ཉེ་སྔོན་རྒྱ་མི་ཞིག་བཞུགས་སྒར་ཁུལ་དུ་གསང་ཉུལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་ཉེན་རྟོགས་པའི་འཛིན་བཟུང་བྱས་ཡོད་སྟབས། རྒྱ་མི་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་མེད་དང་། གནད་དོན་དེར་རང་གཞུང་བདེ་སྲུང་ལས་ཁུངས་ནས་དེ་འབྲེལ་ཇི་གནང་སོགས་ཀྱི་གནད་དོན་ཐད་བཀའ་འདྲི་ཞུས་སོང་བ་མ་ཟད། ཁག་ཅིག་གིས་ཉེ་སྔོན་ཨ་རིའི་མི་སྒེར་ཞིག་དང་འབྲེལ་བའི་ཡིག་ཆའི་ནང་༸གོང་ས་མཆོག་གི་མཚན་འཁོད་ཡོད་པ་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་མཚན་གནས་སྲུང་སྐྱོབ་ལ་གདོང་ལེན་གནང་ཕྱོགས་བཅས་དང་འབྲེལ་ནས་བཀའ་འདྲི་ཞུས་སོང་། གནད་དོན་དེར་བདེ་སྲུང་བཀའ་བློན་མཆོག་གིས། བཞུགས་སྒར་དུ་རྒྱ་མི་ཞིག་དང་འབྲེལ་བའི་གནད་དོན་དེ་ནི་ཚབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོ་པ་གཙུག་ལག་ཁང་གི་ཡས་ཡོན་དུ་ཕྱིན་པའི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དེ་ལྟར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་མེད་པ་གསལ་བཤད་གནང་སོང་། མ་ཟད་གནད་དོན་དེར་ལྟར་ཆར་རྒྱ་གར་འབྲེལ་ཡོད་སྡེ་ཚན་ནས་ཞིབ་འཇུག་བྱེད་མུས་ཡིན་སྟབས་གནས་ཚུལ་གཞན་ཞུ་ཐུབ་པ་མི་འདུག་ཅེས་གསུངས་སོང་བ་དང་། ལྷག་པར་ཨ་རིའི་ནང་གི་མི་སྒེར་གྱི་ཡིག་ཆ་ཞིག་གི་ནང་དུ་མགོན་པོ་༸གང་ཉིད་མཆོག་གི་མཚན་གསལ་བའི་གནད་དོན་དེར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་གནས་ཚུལ་སྤེལ་མཁན་གྱི་བརྒྱུད་ལམ་ཁག་ལ་ནོར་འཁྲུལ་ཡིན་པའི་གསལ་བཤད་ཙམ་མ་ཟད། འབྲེལ་ཡོད་དོན་གཅོད་དང་ས་གནས་ཁག་ལ་གསལ་བཤད་ལམ་སྟོན་གནང་ཡོད་པ། དེ་བཞིན་ཆེད་ལས་པའི་ངོ་བོའི་ཐོག་ནས་མ་འོངས་མཚན་གནས་སྲུང་སྐྱོབ་ཆེད་དུ་འབད་བརྩོན་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ཉེ་སྔོན་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་དང་། གསུམ་བཅུའི་དུས་དྲན་མ་སླེབས་གོང་བཀའ་ཤག་གི་གཞུང་འབྲེལ་བཀའ་ཡིག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་གསལ་བསྒྲགས་རྫུན་བཟོ་བྱས་པ་རྣམས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཕྱིན་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པ་ཁག་ལ། བདེ་སྲུང་བཀའ་བློན་མཆོག་གིས་སྐབས་དེར་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསལ་བཤད་གནང་ཡོད་པ་མ་ཟད། རྫུན་བཟོ་བྱེད་མཁན་ཡོད་ཀྱང་སྤྱི་ཚོགས་དྲ་རྒྱའི་སྟེང་ལ་འགྲེམ་མཁན་དེ་བོད་མི་ཆགས་ཀྱི་ཡོད་པར་བརྟེན། སྤྱི་ཚོགས་དྲ་རྒྱའི་བེད་སྤྱོད་བྱེད་ཕྱོགས་ལ་མ་འོངས་ཡིད་གཟབ་དགོས་པའི་ནན་བརྗོད་གནང་སོང་། མ་ཟད་དྲ་རྒྱའི་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་ནས། བོད་ཀྱི་གཅིག་སྒྲིལ་ལ་གནོད་གཞི་དང་རྩ་དོན་ལ་འགོག་རྐྱེན། ༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ལ་གཞི་རྩ་མེད་པའི་ནག་ཉེས་གཡོག་མཁན་རྒྱ་ནག་གི་བེད་སྤྱོད་འོག་མ་ཚུད་པར་བྱ་དགོས་ཤིང་། དྲ་རྒྱ་བེད་སྤྱོད་བྱེད་མཁན་བོད་མི་ཚང་མས་ཡིད་གཟབ་གནང་དགོས་པའི་བརྡ་ལན་གནང་སོང་། བདེ་སྲུང་ལས་ཁུངས་ནས་གནས་ཚུལ་རྫུན་མ་ཡོང་ཁུངས་འཚོལ་ཞིབ་སོགས་ཀྱི་ལས་དོན་གཉེར་གྱི་ཡོད་ཅིང་། གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་མི་ཡོང་བའི་ཆེད་དུ་འབད་བརྩོན་དང་། ལས་དོན་མུ་མཐུད་ཇེ་ཤུགས་ཆེ་རུང་གཏང་རྒྱུ་ཡིན་པ་གསུངས་སོང་། ལྷག་པར་སྤྱི་འཐུས་ཁག་གཅིག་གིས་ཨོ་གླིང་ཁུལ་ཆབ་སྲིད་བཙོན་ཟུར་གཞིས་སྤོའི་ལས་གཞི་དང་འབྲེལ་བའི་སྒྲིག་གཞི་ཐད་གླེང་སློང་དང་། ཆབ་སྲིད་བཙོན་ཟུར་རྣམ་པའི་ལོ་རྒྱུས་བསྡུ་ལེན་གྱི་ལས་གཞི་དང་འབྲེལ་ནས་འདྲི་རྩད་གནང་སོང་བར། བདེ་སྲུང་བཀའ་བློན་མཆོག་གིས། ཨོ་གླིང་ནང་དུ་ཆབ་སྲིད་བཙོན་ཟུར་གཞིས་སྤོའི་ལས་གཞིའི་སྒྲིག་གཞི་དང་འབྲེལ་བའི་ཐད་འགྱུར་བ་ཆུང་ཙག་ཕྱིན་ཡོད་ཀྱང་། འབྲེལ་གཅིག་ནང་མི་ངོས་འཛིན་བྱེད་ཕྱོགས་དང་མཉམ་དུ་འཁྲིད་ཕྱོགས་ཀྱི་སྒྲིག་གཞི་ལ་བསྐྱར་བཅོས་ཕྱིན་མེད་པ་མ་ཟད། ལས་གཞི་དེ་མུ་མཐུད་འགྲོ་བཞིན་ཡོད་ཅེས་གསལ་བཤད་གནང་སོང་། དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་ལོ་རྒྱུས་བསྡུ་ལེན་གྱི་ལས་གཞི་ཐད་མ་འོངས་པར་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྡིངས་ཆའི་སྟེང་། བོད་ཀྱི་གནད་དོན་ཐོག་བདེན་དཔང་བྱ་རྒྱུའི་དུས་ཚོད་ངེས་པར་དུ་འཆར་རྒྱུ་ཡིན་སྟབས། སྐབས་དེར་ཡིག་ཆ་དེ་དག་སྔོན་ཚུད་ནས་གྲ་སྒྲིག་དགོས་ཀྱི་ཡོད་པར་དྲི་བ་དེ་དག་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འདྲི་རྩད་གཞིར་བཟུང་ཆད་འཛིན་བྱས་ཡོད་པ་སོགས་གསུངས་སོང་། དེ་རིང་སྤྱི་འཐུས་རྣམ་པས་གཞན་ཡང་ཉེ་ལམ་རྒྱ་གཞུང་གིས་ཤུགས་རྐྱེན་འོག་ནས་བོད་རིགས་སྤུན་ཟླའི་མཐུན་ཚོགས་ཀྱི་ཚོགས་འདུའི་གནད་དོན་དང་། རྒྱ་ནག་གཞུང་ཚབ་ཁང་གི་བོད་ཀྱི་ལོ་གསར་སྲུང་རྩིས་གོ་སྒྲིག་ཞུས་པར་བོད་མི་མི་ཉུང་བ་ཞིག་མཉམ་ཞུགས་བྱས་ཡོད་པའི་གནད་དོན། ལྷག་པར་ཆབ་སྲིད་བཙོན་ཟུར་རྣམས་ཨོ་གླིང་ཁུལ་དུ་གཏོང་ཕྱོགས། བལ་ཡུལ་ནང་གི་བོད་མི་རྣམས་ཀྱི་ཡིག་ཆའི་གནས་སྟངས། ༸གོང་ས་མཆོག་རྡ་ས་ནས་ས་གནས་གཞན་དུ་ཆིབས་བསྒྱུར་སྐབས་གནམ་གྲུའི་ནང་ཞུགས་གནས་ལེགས་པར་གོ་སྒྲིག་བྱ་དགོས་པའི་གནད་དོན་སོགས་དང་འབྲེལ་ནས་ཉིན་ཁྱོང་བགྲོ་གླེང་དང་འདྲི་རྩད་གནང་སོང་།
The post བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་འདྲི་རྩད། appeared first on vot.





