ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་མཆོག་ཟླ་འདིའི་ཚེས་ ༢༠ ནས་ ༢༢ དབར་ཉིན་གྲངས་གསུམ་རིང་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་བའི་ཁྲོད་ཁོང་གིས་བལ་ཡུལ་གཞུང་གི་འགོ་ཁྲིད་ཁག་གཅིག་དང་ལྷན་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ད་ལྟའི་ཆར་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པའི་དཀའ་ངལ་འཕྲད་བཞིན་པས། དེར་བལ་ཡུལ་གཞུང་ཕྱོགས་ནས་ཐུགས་ཁུར་བཞེས་རྒྱུ་དུས་ལ་བབས་ཡོད་སྐོར་གསུངས་འདུག དེ་ཡང་བལ་ཡུལ་གྱི་ The Kathmandu Post གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ Samir Paul Kapur མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་ ༢༢ བཅས་ཉིན་གྲངས་གསུམ་རིང་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་ཡོད་པ་ལྟར། ཡུལ་དེའི་ཕྱི་སྲིད་བློན་ཆེན་ Shisir Khana དང་། དཔལ་འབྱོར་བློན་ཆེན་ Swarnim Wagle གཙོས་པའི་བལ་ཡུལ་གཞུང་གི་དཔོན་རིགས་མཐོ་གྲས་མང་དག་ཅིག་དང་ཐུག་འཕྲད་ཀྱིས། གཙོ་བོ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤྱི་དང་བྱེ་བྲག་ཏུ་ཚོང་འབྲེལ་སོགས་ཐུན་མོང་གི་བརྗོད་གཞི་ཁག་གཅིག་ཐོག་གོ་བསྡུར་གནང་ཡོད་པ་མ་ཟད། བལ་ཡུལ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེར་ཕྱིན་པའི་ཁྲོད། བལ་ཡུལ་ནང་དུ་གནས་སྡོད་བོད་མིར་སྐྱབས་བཅོལ་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཡོད་པས། ཤེས་ཡོན་དང་ལས་ཀའི་གོ་སྐབས་མེད་པ། བོད་མི་རྣམས་གཞིས་སྤོ་བྱ་རྒྱུར་བཀག་སྡོམ་སོགས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་ཐོག་གླེང་སློང་དང་སྦྲགས། བལ་ཡུལ་གཞུང་ཕྱོགས་ནས་ངེས་པར་དུ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་བསམ་ཤེས་ཀྱིས་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་སྤྲོད་དགོས་པ་གསུངས་འདུག དེ་འབྲེལ་བལ་ཡུལ་གཞུང་གི་འགོ་ཁྲིད་ཁག་གཅིག་གིས། ཆོས་དང་རིག་གཞུང་གི་ཆ་ནས་བལ་པོ་དང་བོད་པ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་དང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ལྟར་བརྩི་སྲུང་དང་སྲུང་སྐྱོབ་བྱེད་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་ཀྱང་། བོད་མིའི་གནད་དོན་དེ་ནི་ཚོར་བ་རྣོ་བའི་གནད་དོན་ཡིན་པ་བསྐྱར་ནན་གནང་འདུག ཡང་ད་ལན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ Samir Paul Kapur མཆོག་ནས་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པའི་སྐབས། རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤི་ཡ་ལྷོ་ཤར་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Cao Jing གིས་འགོ་འཁྲིད་པའི་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་ཁུལ་དེར་འབྱོར་ཏེ། བལ་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ Amrit Bahadur Rai དང་། ཕྱི་འབྲེལ་ལས་ཁུངས་ཀྱི་བྱང་ཤར་ཨེ་ཤི་ཡ་སྡེ་ཚན་གྱི་མཉམ་འབྲེལ་དྲུང་ཆེ་ Bhrigu […]
The post བལ་ཡུལ་གནས་སྡོད་བོད་མིར་སྐྱབས་བཅོལ་ཡིག་ཆ་སྤྲོད་དགོས་པ་གསུངས་འདུག appeared first on vot.





