བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ ཉིན་མོར་སྲུང་བརྩི་ཞུས་པ།

2 months ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༧ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand)  ལགས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཇི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) ལགས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Hans Gert Pottering)  མཆོག  དམིགས་བསལ་སྐུ་མགྲོན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས།དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བླངས།དེ་རྗེས་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་གནང་བའི་བོད་ཀྱི་ཕྱི་འབྲེལ་ལོ་རྒྱུས་དང་དེའི་ཐབས་བྱུས་ཀྱི་དོན་ཆེན་ལོ་ཚིགས་རིམ་བྱུང་བཞིན་སྟར་ལ་རྒྱུས་པའི་གཏམ་བྱུ་རུའི་ཕྲེང་བ་ཞེས་པའི་ཕྱག་དེབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་། དེ་ནས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རང་བཙན་དང་། ཆེ་མཐོང་། ངོ་བོ། རིག་གཞུང་། ཆོས་བཅས་སྲུང་སྐྱོབ་ཆེད་ནུས་པ་མཉམ་སྤུངས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་སྟེ་བོད་ཀྱི་ལོ་རྒྱུས་ནས་བསུབ་ཐབས་བྱས་ཡོད། རང་གི་ལུས་སྲོག་བློས་བཏང་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ་ཡི་ཡོད་པ་དང་སྦྲགས། ཁོང་རྣམས་ཀྱི་བློས་གཏོང་དེ་ཆུད་ཟོས་སུ་འགྲོ་མེད་པ་ཞུ་རྒྱུ་ཡིན། ངས་གོ་སྐབས་འདི་བཟུང་སྟེ་འཛམ་གླིང་གི་མི་མང་ལ་དམག་འཁྲུག་གི་ལམ་དེ་དོར་ནས་ཞི་བདེའི་ལམ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ཇོ་སེ་ཧྥི་ (Brian Joseph) ལགས་དང་། ཨོསྟྲེ་ལི་ཡ་ནས་ཕེབས་པའི་ལྕམ་ཅེང་ལི་ (Cheng Lei) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ཨི་ཊ་ལི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་སི་པར་མ་ (Alice Parma) ལགས། ཇར་མ་ནི་ས་གནས་གྲོས་ཚོགས་འཐུས་མི་ལྕམ་ཝེབ་ཀི་ཝིན་ཊར་ (Dr Weibke Winter) ལགས། ལཱཏ་ཝི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་ཡུ་རི་སི་ཝི་ལིམ་སི་ (Juris Vilams) ལགས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཡི་རི་ཌུ་སེག་ (Senator Jiri Dusek) ལགས་བཅས་ཀྱིས་རིམ་བཞིན་གསུང་བཤད་གནང་སྟེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་པའི་གལ་གནད་དང་། རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་གསོན་པོ་གནས་ཡོད་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་ཐེར་འདོན་དགོས་པ་ནནབརྗོད་གནང་ཡོད།དེ་ནས་སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Prof. Dr. Hans Gert Pottering) མཆོག་གིས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་སྦྲགས་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཆེ་མཐོང་སྲུང་དགོས་གལ་ཡིན་པ་གསལ་སྟོན་གནང་། ཁོང་གིས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བཞིན་བོད་མིའི་ངོ་བོ་དང་རིག་གཞུང་ཉར་ཚགས་བྱ་རྒྱུའི་སོར་ཆུད་ཀྱི་ནུས་པ་མཚོན་གྱི་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་ཞི་བདེའི་འཐབ་རྩོད་དེས་འཛམ་གླིང་མི་མང་ལ་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་བར་རྒྱབ་སྐྱོར་བྱེད་དགོས་པའི་སེམས་སྐུལ་ཞིག་ཀྱང་ཡིན་ཞེས་དང་། བོད་ནང་གི་བོད་མི་རྣམས་ལ་འཕྲད་བཞིན་པའི་དྲག་སྤྱོད་དང་རིག་གཞུང་རྩ་གཏོར་བཅས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་བཟུང་དགོས་གལ་ཡིན། ཞེས་གསུངས། མཐར་སྐུ་ཞབས་པོ་ཊེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་བསྐྱར་ནན་གྱིས་བོད་མི་རྣམས་ལ་རང་དབང་དང་ཞི་བདེ་ཐོབ་པའི་ཡིད་ཆེས་ཡོད་པ་འགྲེལ་བརྗོད་གནང་།དེ་རྗེས་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཇི་རི་ཨོ་སྦར་ཕལ་ཛར་ (Jiri Oberfalzer) མཆོག་གིས་གསུང་བཤད་གནང་སྐབས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་དང་། བོད་དེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བཙན་བཟུང་མ་བྱས་གོང་ཕྱི་ལོ་ ༡༩༡༣ ལོར་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་སྤྱི་བསྒྲགས་བྱས་པ་ཡོད་པ་གསལ་སྟོན་གནང་། ཁོང་གིས་རྒྱ་ནག་གིས་ཕྱི་ལོ་ ༡༩༥༠ ཙམ་ནས་བོད་དེ་རྒྱ་ནག་གིས་ཟླ་སྒྲིལ་བྱེད་འགོ་བཙུགས་པ་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་གིས་དམག་ཐབས་ཀྱི་སྟོབས་ནས་ཧམ་ཟས་བྱས་པས་ཁྲིམས་མཐུན་ཞིག་ཏུ་ནམ་ཡང་ངོས་འཛིན་བྱ་རྒྱུ་མེད་ཅེས་འགྲེལ་བརྗོད་གནང་།དེ་བཞིན་ཁོང་གིས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱ་རྒྱུ་དེ་ད་ལྟ་དང་མ་འོངས་པའི་མི་རབས་ཀྱི་བོད་མི་ཙམ་ལ་མིན་པར་གཉའ་གནོན་འོག་གནས་བཞིན་པའི་རྒྱལ་ཁབ་གཞན་གྱི་ཆེད་དུ་གནད་འགག་ཅིག་ཡིན་ཞེས་ནན་བརྗོད་གནང་ཡོད།

མཐར་སྐུ་མགྲོན་གཙོ་བོ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Mr. Michael Brand) མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ལྷག་རིང་ནས་བཟུང་བོད་ཀྱི་ཞི་བདེ་དང་། བྱམས་སྙིང་རྗེ། དྲང་བདེན་བཅས་ཀྱི་བསླབ་བྱ་དེས་འཛམ་གླིང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲད་དང་སྤྲོད་བཞིན་ཡོད། བོད་ཀྱི་འཐབ་རྩོད་དེས་རྒྱལ་ཁབ་ཅིག་དང་། རིག་གཞུང་། ཆོས་ལུགས་བཅས་ལ་ཆེ་མཐོང་ལྡན་པའི་སྒོ་ནས་གནས་ཆོག་པའི་གཞི་རྩའི་ཐོབ་ཐང་ཡོད་པའི་བསླབ་བྱ་སྤྲོད་ཀྱི་ཡོད། ཅེས་གསུངས། དེ་མ་ཟད་སྐུ་ཞབས་བྷི་རེནྜ་མཆོག་གིས་རྒྱ་ནག་གིས་བཙན་དབང་དང་དམག་སྟོབས་ཀྱིས་བོད་ས་འཛིན་བཟུང་བྱས་ཡོད་ཀྱང་བོད་མི་ཚོའི་སེམས་ཤུགས་དེ་དབང་དུ་བསྡུས་ཐུབ་མེད་པ་ནན་བརྗོད་གནང་།ཁོང་གིས་པཎ་ཆེན་སྐུ་ཕྲེག་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་འགྲོལ་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བ་དེ་ནི་འགྲོ་བ་མིར་བརྩམས་པའི་ནག་ཉེས་ཞིག་དང་། ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཐད་ཀར་དྲག་རྒོལ་ཞིག་ལ་ངོས་འཛིན་གནང་། དེ་བཞིན་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་མཐུན་བདག་དབང་ཆ་ཚང་༧གོང་ས་མཆོག་ཁོ་ནར་ཡོད་པ་གསལ་སྟོན་གནང་མཐར་བོད་མིར་འཕྲད་བཞིན་པའི་སྡུག་བསྔལ་དེས་མ་འོངས་པའི་མི་རབས་ཆེད་དུ་རེ་བ་བསྐྲུན་ཐུབ་པའི་རེ་འདུན་བསྟན་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། །

Original Article