ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོས་རྒྱ་གཞུང་གིས་བོད་མིས་གཙོས་གྲངས་ཉུང་མི་རིགས་ཐོག་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པར་བློ་འཚབ་གསལ་སྟོན་དང་སྦྲགས། རྒྱལ་སྤྱིའི་ཚོང་ལས་ཁང་དང་། མ་འཛུགས་བྱེད་མཁན་ཚོས་རང་ཉིད་ཀྱི་ཚོང་ཟོག་གི་རྒྱུ་ཆ་དེ་དག་བོད་དང་ཡུ་གུར་ནང་གི་བཙན་ཤེད་ངལ་རྩོལ་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་ནན་པོ་བྱ་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་ཁ་སང་སྟེ། ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྲ་གནས་ཐོག་སྤེལ་བའི་ཚུལ་ནང་། ཆེད་མཁས་པ་ཚོས་རྒྱ་གཞུང་གིས་བོད་མིས་གཙོས་གཞན་ཡུ་གུར་དང་། Kazakh ཀཱ་ཛཱཁ་དང་། Kyrgyz ཀིར་གྷིཛ་སོགས་གྲངས་ཉུང་མི་རིགས་རྣམས་ལ་བཙན་ཤེད་ངལ་རྩོལ་སྲིད་བྱུས་བེད་སྤྱོད་བྱེད་བཞིན་པའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གིས་དབྱེ་བའི་ཞིང་ཆེན་མང་པོའི་ནང་བོད་མིས་གཙོས་པའི་ཡུ་གུར་ཁ་ཆེའི་མི་རིགས་རྣམས་ཀྱི་གཞི་རྩའི་རང་དབང་བཙན་འཕྲོག་ཙམ་མ་ཟད། གྲངས་ཉུང་མི་རིགས་རྣམས་ལ་བཙན་གྱི་ངལ་རྩོལ་སྐུལ་བཞིན་པ་དང་། གནས་ཚུལ་མང་པོའི་ནང་བཙན་ཤེད་ཀྱི་རང་བཞིན་ཧ་ཅང་ཛ་དྲག་ཆེ་བས་དེ་ནི་འགྲོ་བ་མིའི་རིགས་ལ་བཙན་གནོན་བྱེད་པའི་ཉེས་པ་ཞིག་ཏུ་འགྱུར་སྲིད་ཅེས་གསུངས་འདུག དེ་བཞིན་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ནང་གི་བཙན་ཤེད་ངལ་རྩོལ་དེ་དབུལ་ཕོངས་སེལ་བའི་ལས་གཞིའི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད་ཚུལ་འཁྱོག་བཤད་བྱེད་བཞིན་ཡོད་ནའང་། དོན་དངོས་ཐོག་དེ་ནི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་ཙམ་མ་ཟད། ཡུ་གུར་པ་དང་གཞན་གྲངས་ཉུང་མི་རིགས་རྣམས་འདོད་པ་མེད་བཞིན་དུ་ཤར་ཏུར་ཀིས་ཐན་དང་ས་ཁུལ་གཞན་དུ་ལས་ཀ་བྱེད་པར་བཙན་སྐུལ་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་འདུག གཞན་ཡང་བོད་ཀྱི་གནད་དོན་དང་འབྲེལ་ཆེད་མཁས་པ་རྣམ་པས་བོད་མི་རྣམས་ཀྱང་ Training and Labour Transfer Action Plan འམ་སྦྱོང་བརྡར་དང་ངལ་རྩོལ་གནས་སྤོའི་འཆར་གཞི་ལས་འགུལ་ལྟ་བུའི་ལས་གཞི་གཞན་བརྒྱུད་བཙན་ཤེད་ངལ་རྩོལ་གྱི་འོག་ཚུད་ཡོད་པ་གསུངས་འདུག དེའང་སྲིད་བྱུས་འདི་དག་གིས་དམག་དོན་ལྟ་བུའི་ལས་རིགས་སྦྱོང་བརྡར་གྱི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་འདུག་ཅིང་། ཕྱི་ལོ་ ༢༠༢༤ ལོ་ཁོ་ནའི་ནང་བོད་མི་ ༦༥༠,༠༠༠ ཙམ་ལས་རིགས་བསྒྱུར་བཀོད་དང་བཙན་ཤེད་ངལ་རྩོལ་གྱི་འཆར་གཞིའི་འོག་ཚུད་ཡོད་པའི་ཚོད་དཔག་གནང་འདུག ཕྱོགས་མཚུངས་རྒྱ་གཞུང་གི་གྲངས་ཐོར་ལྟར་ན། བོད་ནང་གི་བོད་མི་གྲོང་གསེབ་བ་ ༩༣༠,༠༠༠ ཙམ་ཡོད་པའི་གྲོང་ཚོ་ཡོངས་རྫོགས་སྤོ་ཤུགས་འམ་ཡང་ན་ཁྱིམ་ཚང་སོ་སོ་བྱེད་ནས་སྤོ་ཤུགས་བྱས་ཡོད་སྐོར་བརྗོད་ཀྱང་། འབྲོག་པ་གཞིས་སྤོའི་སྲིད་བྱུས་འོག་ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་བོད་མི་ས་ཡ་ ༣.༣༦ ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་བརྗོད་འདུག གཞན་ཡང་ཆེད་མཁས་པ་ཚོས་ངལ་རྩོལ་སྤོ་ཤུགས་འདི་ནི་དབུལ་ཕོངས་སེལ་བའི་མིང་ཐོག་ནས་ཡུ་གུར་མི་རིགས་དང་། བོད་མི་བཅས་ཀྱི་རིག་གཞུང་ངོ་བོ་བཙན་སྒྱུར་གྱི་སྲིད་བྱུས་ཞིག་ཡིན་པ་མ་ཟད། འདི་ནི་དབུལ་ཕོངས་ལས་ཐར་ཐབས་ཤིག་མ་ཡིན་པར། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། གོམས་གཤིས་བཅས་ལ་སོར་ཆུད་མི་ཐུབ་པའི་གྱོང་གུད་ཆེན་པོ་བཟོ་བཞིན་ཡོད་པ་གསལ་སྟོན་གནང་འདུག རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་ཐེངས་འདིའི་སྙན་ཐོ་བརྒྱུད་རྒྱལ་སྤྱིའི་ཚོང་ལས་ཁང་དང་། མ་འཛུགས་པ་ཚོས་རང་ཉིད་ཀྱི་ཚོང་ཟོག་རྒྱུ་ཆ་དེ་དག་བོད་དང་ཡུ་གུར་ནང་གི་བཙན་ཤེད་ངལ་རྩོལ་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་ནན་པོ་བྱ་དགོས་པའི་འབོད་སྐུལ་ཐོག རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཚོ་བོད་དང་ཡུ་གུར་ནང་འགོག་རྐྱེན་མེད་པར་གཏོང་དགོས་པའི་རེ་འདུན་བཏོན་འདུག
The post བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བཞིན་པར་སེམས་འཚབ། appeared first on vot.





