བོད་ཤར་ཕྱོགས་སུ་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་གི་ལས་གཞི་ཆེ་ཤོས་མཇུག་སྒྲིལ་ལ་ཉེ་བ་དང་འདིས་རྒྱ་ནག་འཛམ་གླིང་གི་གློག་ཤུགས་རྒྱལ་ཁབ་ཨང་དང་པོ་དང་མངོན་གསལ་དོད་ཤོས་སུ་འགྱུར་བར་གོམ་པ་མདུན་སྤོས་བྱས་པ་དང་དེ་བཞིན་དུ་ཡུན་རིང་གི་ནུས་ཤུགས་གསོག་ཉར་ལས་རིགས་གང་མགྱོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡ ཉིན་ Tibetan Review ཞེས་བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གིས་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་ཆེ་ཤོས་ཀྱི་ལས་གཞི་ཞིག་འགོ་འཛུགས་ལ་ཉེ་བར་ཡོད་པ་དང་དེའི་གྷི་གྷ་ཝཊི་ ༤.༢ ཅན་གྱི་སྲོལ་རྒྱུན་ཆུ་གློག་དང་ཆུ་ཤུག་གློག་འདོན་གྱི་ནུས་པ་གཉིས་པ་ཟུང་འབྲེལ་གྱི་ལས་གཞི་ Lianghekou ཞེས་པ་དེ་མཇུག་སྒྲུལ་ལ་ཉེ་བར་ཡོད་པ་མ་ཟད། གློག་འདོན་ལས་གཞི་དེ་ནི་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་ནང་དུ་གནས་ཡོད་ཅིང་། ས་ཁུལ་འདི་སྔོན་ཆད་ལོ་རྒྱུས་ཐོག་ཁམས་ཤར་ཕྱོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཡོད་པ་བཀོད་འདུག བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གིས་ད་དུང་གཙང་པོ་གཉིས་ཀྱི་ཁ་ཞེས་པའི་ Lianghekou ཆུ་མཛོད་ཀྱི་འཛུགས་སྐྲུན་སྐབས་མི་གྲངས་ ༤༩༠༠ ལྷག་གནས་སྤོས་བྱེད་དགོས་བྱུང་ཡོད་པ་དང་མཐོ་ཚད་སྨི་ཊར་ ༢༩༥ ཡོད་པའི་ཆུ་རགས་འདི་ནི་རྒྱ་ནག་གི་ཆུ་རགས་མཐོ་ཤོས་ཡིན་ཞིང་། དེས་མེ་གྷ་ཝཊི་ ༣༠༠༠ ཡི་ཆུ་གློག་གི་ཐོན་སྐྱེད་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ལྷག་པར་དུ་ཆུ་མཛོད་འཛུགས་སྐྲུན་འོག་གི་གསོག་ཉར་ཁང་དེར་མེ་གྷ་ཝཊི་ ༣༠༠ ཅན་གྱི་ཡོ་བྱད་བཞི་འདུས་ཡོད་པ་དང་། ལས་གཞི་དེ་ལེགས་གྲུབ་བྱུང་སྐབས་དེ་ནི་འཛམ་གླིང་ནང་གི་ཆུ་གློག་གསོག་ཉར་ལས་གཞི་ཆེ་ཤོས་དེ་ཆགས་རྒྱུ་མ་ཟད། འདིའི་ནང་དུ་ཆུ་གློག་རྒྱུན་ལྡན་ཞིག་དང་ཆུ་གློག་མ་ལག་ཅིག་ཚུད་ཡོད་ཅིང་། མ་ལག་འདིས་ནུས་ཤུགས་ལྷག་མ་བཟོ་སྐབས་ཆུ་ཡར་འདྲེན་བྱེད་པ་དང་ནུས་ཤུགས་དགོས་མཁོ་བྱུང་སྐབས་ཆུ་མར་འབབ་ཏུ་བཅུག་ནས་གློག་འདོན་བྱ་རྒྱུ་རེད་འདུག འོན་ཀྱང་། ཆུ་གློག་ལས་གཞི་ཆེན་པོ་དག་གིས་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་བཟོ་བ་དང་མི་སྡེ་རྣམས་གནས་སྤོ་དགོས་པར་འགྱུར་བས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རྣམས་ཀྱིས་དེར་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། ཆུ་གློག་མ་ལག་རྣམས་ཀྱང་གནམ་གཤིས་འགྱུར་ལྡོག་ལ་ཉེན་ཁ་ཆེ་བ་ཡོད་པ་སྟེ། དཔེར་ན་སི་ཁྲོན་དུ་ཕྱི་ལོ་ ༢༠༢༢ ལོར་བྱུང་བའི་ཐན་སྐྱོན་ལྟ་བུས་གློག་ཤུགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་མངོན་གསལ་གནང་ཡོད་ཀྱང་དཀའ་ངལ་འདི་དག་ལ་མ་ལྟོས་པར་པེ་ཅིང་གིས་ཆུ་གློག་གསོག་འཇོག་ནི་ནུས་ཤུགས་འཐབ་ཇུས་ཀྱི་ཆ་ཤས་གལ་ཆེན་ཞིག་དང་། གོང་འཕེལ་ཆེ་བའི་ནུས་ཤུགས་གསོག་འཇོག་གི་འགོ་ཁྲིད་བྱེད་པའི་དམིགས་ཡུལ་གྱི་ཆ་ཤས་ཤིག་ཏུ་མཐོང་གི་ཡོད་པ་རེད་འདུག འདི་གའི་གསར་འགོད་པས། ཉག་ཆུ་ས་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་ནས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཉག་ཆུའི་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེ་བོད་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་ཆེས་མཐོ་ཤོས་དེ་ཡིན་པ་མ་ཟད། ཆུ་གློག་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་ནས་ས་གནས་དེའི་ནགས་ཚལ་མང་པོ་ཞིག་ཆུ་ལ་འཐིམ་ཡོད་པ་མ་ཟད། ཆུ་ལོག་དང་ས་ཉིལ་སོགས་ཀྱི་རང་བྱུང་གི་འཇིགས་པ་མང་པོ་ཞིག་ཀྱང་སྐྲུན་ཡོད་པར་ངོ་སྤྲོད་ཀྱིས། རྒྱ་ནག་གིས། ས་གནས་བོད་མི་རྣམས་ཀྱི་བདེ་དོན་གྱི་ཆེད་དུ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་གཉེར་བཞིན་ཡོད་པར་བསྒྲགས་ཡོད་ནའང་། བོད་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་གྱི་གློག་ཤུགས་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་འོར་འདྲེན་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་སོང་། གཞི་རྩའི་རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༥ ལོ་ནས་བཟུང་བོད་ཀྱི་ཤར་རྒྱུད། ཉག་ཆུ་རྫོང་སྟོད་དུ་བོད་ཁམས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་གསར་རྒྱག་གིས་ས་གནས་དེ་གའི་བོད་མི་མང་པོ་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་ཡོད་སྟབས། ས་ཁུལ་དེར་གནས་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྤྱི་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་འདུག
The post བོད་ཤར་ཕྱོགས་སུ་འཛམ་གླིང་ནང་གི་ཆུ་གློག་གསོག་འཇོག་མ་ལག་ཆེ་ཤོས་མཇུག་སྒྲིལ་ལ་ཉེ་བ། appeared first on vot.





