མཆོག་སྤྲུལ་རྡོ་རྗེ་བརྟན་ད་ལྟའང་གར་སོང་ཆ་མེད་ཁྲོད་སྨིན་ཐང་ཡུལ་ཚོའི་ནང་མུ་མཐུད་དམ་བསྒྲགས།

3 months ago

སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་གཅིག་དང་ཉིན་ ༢༠ ཙམ་འགྲོ་བཞིན་ཡོད་ཀྱང་། འབྲེལ་ཡོད་ལས་བྱེད་ཚོས་ཁོང་གི་སྐོར་གནས་ཚུལ་རྩ་བ་ནས་གསལ་བཤད་མ་བྱེད་པ་མ་ཟད།  སྨིན་ཐང་ཡུལ་ཚོའི་ཁ་པར་སྔོག་བཤེར་གྱིས་ཕྱི་ལ་འབྲེལ་གཏུགས་བྱ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག དེའང་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མཆོག་སྤྲུལ་རྡོ་རྗེ་བརྟན་འཛིན་བཟུང་བཀག་ཉར་བྱས་རྗེས་རིན་པོ་ཆེའི་འབྲེལ་ཡོད་གཉེན་ཉེ་སྐོར་ཞིག་གིས་ཁོང་གི་སྐུ་གཟུགས་གནས་སྟངས་སྐོར་ལ་སེམས་འཚབ་བྱུང་སྟེ་ཐེངས་ལྔ་དྲུག་ཙམ་གནས་ཚུལ་བརྒྱུད་ལོན་བྱེད་ཐབས་བྱས་ཀྱང་། རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་དེ་སྔ་བཞིན་རིན་པོ་ཆེའི་ནག་ཉེས་སྐོར་རྟོག་ཞིབ་བྱེད་བཞིན་ཡོད་ཚུལ་ལས་གཞན་འགྲེལ་བཤད་གཞན་ཅི་ཡང་བརྒྱབ་མི་འདུག མ་ཟད་རིན་པོ་ཆེ་འཛིན་བཟུང་བྱས་མ་ཐག་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཚོ་རང་རང་གི་ཁྱིམ་དུ་ལོག་བཅུག་པ་དང་། སློབ་གྲྭ་སྒོ་བརྒྱབ་པ་ལྟར། ད་ལྟའང་སློབ་གྲྭ་འཚོག་མ་ཐུབ་པའི་གནས་སུ་ལྷུང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས་གསང་བ་ཕྱིར་ཤོར་གྱི་སྔོན་འགོག་ཟེར་ནས་སྨིན་ཐང་ཡུལ་མི་ཚོའི་ཁ་པར་ནང་གི་ཚོགས་པ་དང་། འབྲེལ་གཏུགས་བྱེད་ས་སོགས་ལ་དམ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་མུས་དང་། གལ་ཏེ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་གྲོགས་པོ་དང་གཉེན་ཉེ་ཡོད་ཚེ་ཁ་པར་བརྒྱུད་ལམ་ནས་འབྲེལ་བ་རྩ་བ་ནས་བྱ་མི་ཆོག་པའི་ཉེན་བརྡ་བཏང་འདུག མ་ཟད་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་པ་ཚོའི་ཁ་པར་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་ལྟ་རྟོགས་བྱ་དགོས་པ་དང་། གལ་ཏེ་ལས་མི་གང་རུང་ཚོགས་པའི་ནང་དུ་ཡོད་ཚེ་ཚོགས་མི་རེ་རེའི་གནས་ཚུལ། ཚོགས་པའི་ནང་དུ་ཞུགས་དགོས་པའི་རྒྱུ་མཚན། ཚོགས་མིའི་ནང་དུ་གཞུང་གི་ལངས་ཕྱོགས་དང་མཐུན་མིན་གྱི་གནས་ཚུལ། ཚོགས་པའི་ཁ་ཕྱོགས་སོགས་འགེངས་ཤོག་དགང་དགོས་པའི་སྒྲིག་ཁྲིམས་བཟོས་ཡོད་པ་རེད་འདུག དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཚོགས་མི་ཡོད་ཚེ་ཚོགས་པ་ཁག་ནས་ཕྱིར་འབུད་གཏང་དགོས་པ་དང་། ཕྱིར་འབུད་གཏང་བའི་བདེན་དཔང་དུ་བརྙན་དང་པར་བརྒྱབ་ནས་འགོ་ཁྲིད་ལ་སྙན་སེང་ཞུ་དགོས་པ་བརྗོད་འདུག གཞི་རྩའི་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་མཆོག་སྤྲུལ་རྡོ་རྗེ་བརྟན་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། མཆོག་སྤྲུལ་རྡོ་རྗེ་བརྟན་རང་དགོན་ནས་འཛིན་བཟུང་བྱེད་མཁན་ཉེན་རྟོག་པ་ཡིན་མིན་དང་། གསང་བའི་ལས་བྱེད་ཡིན་མིན་ཤེས་མཁན་སུ་ཡང་མེད་པ་མ་ཟད། མཆོག་སྤྲུལ་མཆོག་ད་ལྟ་མཚོ་སྔོན་ཞིང་ཆེན་ཟེར་བའི་ཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་ཡོད་ཚུལ་ལས་གཞན་གནས་ཚུལ་ཞིབ་ཕྲ་གང་ཡང་ཐོན་མེད་པ་དང་།  འབྲེལ་ཡོད་ནང་མི་དང་གཉེན་ཉེ་འབྲེལ་རྣམས་ལ་ཁོང་ཐུག་འཕྲད་ཆོག་གི་མེད་པའི་ཉེན་བརྡའང་བཏང་འདུག མཆོག་སྤྲུལ་རྡོ་རྗེ་བརྟན་ནི་གཉན་པོ་གཡུ་རྩེའི་སློབ་ཆུང་གི་སློབ་གཙོ་དང་། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཀྱི་ཚོགས་གཙོ། གེ་སར་རིག་གནས་རྒྱུན་འཛིན་གཞི་ས་དང་གེ་སར་རིག་གནས་རྨ་གཡང་ཕྱུག་མོའི་བརྒྱུད་སྦྱོང་བྱེད་གནས་ཀྱི་འགན་འཛིན། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་དགོན་བདག  སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག དམངས་གཙོ་དོ་དམ་ཁང་གི་འགན་འཛིན། ཤར་བླ་རུང་ཉམས་རྟོགས་རང་ཤར་གླིང་གི་གླིང་གཙོ། གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་གཉན་པོ་གཡུ་རྩེ་དགེ་ལས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སོགས་ཀྱི་འགན་བཞེས་བཞིན་ཡོད་པ་རེད།

The post མཆོག་སྤྲུལ་རྡོ་རྗེ་བརྟན་ད་ལྟའང་གར་སོང་ཆ་མེད་ཁྲོད་སྨིན་ཐང་ཡུལ་ཚོའི་ནང་མུ་མཐུད་དམ་བསྒྲགས། appeared first on vot.

Original Article