མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གཏོང་བཞིན་པར་ཉེན་བརྡ་བཏང་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྤེལ་བའི་སྙན་ཐོ་གསར་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལས་བོད་པའི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་གཏོང་བཞིན་པ་དང་། འདི་ལས་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་གནས་ཐབས་ལ་ཉེན་ཁ་སྤྲོད་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད།
སྙན་ཐོ་འདི་ནི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དམིགས་བསལ་སྙན་སྒྲོན་པ་ནི་ཁོ་ལས་ ལེ་ཝ་ར་ཏི་ (Nicolas Levrat) ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཕུལ་བ་ཞིག་ཡིིན་པ་དང་། སྙན་ཐོ་འདིའི་ནང་འཛམ་གླིང་གི་གནད་དོན་དང་འབྲེལ་ཏེ་བོད་ནང་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཁོ་ན་མ་ཡིན་པར། རྒྱ་ནག་གཞུང་གིས་མངོན་གསལ་དེ་ཙམ་མེད་པའི་སྲིད་བྱུས་བརྒྱུད་རིག་གཞུང་རྩ་གཏོར་དུ་གཏོང་བཞིན་ཡོད་ཅེས་གསལ་སྟོན་གནང་ཡོད།
ཉེན་བརྡ་འདིའི་ནང་བོད་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་སྐོར་གཙོ་འདོན་གནང་ཡོད་པ་དང་། སྙན་ཐོའི་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ཀྱི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུ་ཡིན་ཞེས་གསལ་སྟོན་གནང་ཡོད་པ་དང་། བོད་ཕྲུག་རྣམས་སོ་སོའི་ཁྱིམ་ཚང་དང་སྤྱི་ཚོགས་ནས་ཁ་བྲལ་ཏུ་བཅུག་ཏེ་རྒྱ་སྐད་དང་། རྒྱལ་ཁབ་ཀྱི་ལྟ་བ། རིག་གཞུང་སིམ་ཡལ་ཀྱི་སྲིད་བྱུས་བཅས་ཀྱི་ཁོར་ཡུག་ནང་སློབ་གསོ་སྤྲོད་བཞིན་ཡོད། སྙན་ཐོ་ནང་བཀོད་པ་ལྟར་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པ་རྣམས་མི་རབས་ནས་མི་རབས་ལ་བརྒྱུད་སྤྱོད་བྱེད་པར་བཀའ་འགོག་བྱེད་ཀྱི་ཡོད་པ་དང་། བརྒྱུད་རིམ་དེས་རྒྱལ་ཁབ་ཀྱི་མི་སེར་ཁྲོད་དུ་གྲངས་ཉུང་མི་རིགས་དེ་མི་རིགས་ཐ་དད་ཅིག་གི་ངོ་ནས་རྩ་མེད་དུ་འགྲོ་བའི་རྒྱུ་བྱེད་ཀྱི་ཡོད་པ་རེད་ཅེས་གསལ་ཡོད།
དམིགས་བསལ་སྙན་སྒྲོན་པས་མི་རིགས་རྩ་མེད་གཏོང་བའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེན་རྡོག་རོལ་གཏོང་བ་ནི་མི་རིགས་སྡེབ་གསོད་བྱེད་མི་དགོས་པར། མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ལ་རྒོལ་རྡུང་བྱེད་པ་ནི་ལུས་པོར་དྲག་སྤྱོད་བྱེད་པ་དང་གཅིག་མཚུངས་ཀྱིས་གནོད་འཚེ་ཡོང་གི་ཡོད་པ་གསལ་སྟོན་གནང་ཡོད། དེ་བཞིན་སྙན་ཐོའི་ནང་བྱ་སྤྱོད་འདི་དག་གིས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་གན་རྒྱའི་ (International Covenant on Civil and Political Rights) དོན་ཚན་ ༢༧ ཏེ་སྤྱི་ཚོགས་ནང་གྲངས་ཉུང་མི་རིགས་ཚོས་རང་གི་རིག་གཞུང་ཉར་ཚགས་དང་། ཆོས་ལུགས་ལག་བསྟར། སྐད་ཡིག་བེད་སྤྱོད་བཅས་བྱེད་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་སྒྲིག་གཞི་དང་འགལ་གྱི་ཡོད་པ་གསལ་ཡོད།
སྙན་ཐོའི་ནང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༢ ནས་བཟུང་རྒྱལ་ཁབ་འཛུགས་བསྐྲུན་གྱི་ལས་གཞི་འགྲོ་བཞིན་པའི་རྐྱེན་པས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་རྣམས་ཟུར་ཕུད་བཏང་བ་དང་། བོད་རིགས་དང་མཚུངས་རྒྱ་རིགས་མ་ཡིན་པའི་མི་རིགས་དག་ལ་དབྱེ་འབྱེད་ཚབས་ཆེ་བྱེད་པའི་གནས་སྟངས་བསྐྲུན་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་ས་གནས་རང་སྐྱོང་གི་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་སུ་བོད་པའི་ངོ་བ་ོནི་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་རྒྱལ་ཁབ་གཅིག་གི་ངོ་བོའི་འོག་འཇུག་བཞིན་ཡོད་ཅེས་གསལ་ཡོད།
དེ་བཞིན་སྙན་ཐོའི་ནང་བོད་ནང་གི་ཆོས་ཚོགས་ཁག་རྒྱ་ནག་གི་སྟངས་འཛིན་བྱེད་པའི་ཆོས་ལུགས་ཀྱི་མཐུན་ཚོགས་ནང་དེབ་སྐྱེལ་བྱེད་དགོས་པ་དང་། ལམ་ལུགས་དེ་ལ་ངོ་རྒོལ་བྱེད་མཁན་གྱི་ཆོས་ཚོགས་ཁག་ཁྲིམས་མཐུན་མ་ཡིན་པ་དང་། ལྟ་སྲུང་ནན་པོའི་འོག་དགོན་པ་ཁག་སྒོ་བརྒྱབ་དགོས་པ་བཅས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཡོད། བོད་བརྒྱུད་ནང་བསྟན་ལ་མཚོན་ན་སྒྲོམ་གཞི་འདིའི་བརྒྱུད་དགོན་སྡེ་ཁག་དང་། ཆོས་ལུགས་ཀྱི་སློབ་གཉེར། ཆོས་ཕྱོགས་ཀྱི་དབང་ཚད་དག་རྒྱ་ནག་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཆགས་ཀྱི་ཡོད།
དེ་མཚུངས་སྙན་ཐོའི་ནང་རྒྱ་ནག་ནང་གི་མི་རིགས་དང་རིག་གཞུང་གི་ཚོགས་པ་ཁག་ལ་དམ་བསྒྲགས་ནན་བརྗོད་གནང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ཁག་ལ་དམ་བསྒྲགས་བྱེད་པ་ལས་བོད་མི་རྣམས་མཉམ་རུབ་ཀྱིས་ཚོགས་པ་བཙུགས་ཏེ་རིག་གཞུང་སྲུང་སྐྱོབ་བྱེད་པར་གནོད་སྐྱོན་སྤྲོད་བཞིན་ཡོད། དེ་ལྟ་བུའི་དམ་བསྒྲགས་ལས་གྲངས་ཉུང་མི་རིགས་ཀྱིས་སོ་སོའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ལ་འགོག་རྐྱེན་བཟོ་ཡི་ཡོད་པ་འགྲེལ་བརྗོད་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པས་གྲངས་ཉུང་མི་རིགས་རྣམས་ནས་སོ་སོའོ་ངོ་བོ་དོར་དགོས་པའི་ཆ་རྐྱེན་འོག་ནས་འདྲ་མཉམ་གྱི་ཐོབ་ཐང་སྤྲད་པའི་མི་རིགས་སིམ་ཡལ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། སྲིད་བྱུས་འདིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་གསོན་གནས་ལ་འགོག་རྐྱེན་བཟོ་ཡི་ཡོད་པས་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་འགྲེལ་བརྗོད་གནང་ཡོད།
ད་ལྟ་བོད་ནང་འབྱུང་བཞིན་པ་འདི་ནི་སྤྱིར་བཏང་གི་སྤྱི་ཚོགས་འགྱུར་ལྡོག་གམ་དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་བྱུས་ཙམ་མ་ཡིན་པར། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་གོམས་སྲོལ་དེ་དག་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་པའི་ནུས་པ་བཅས་ལ་དྲག་རྒོལ་བྱེད་པ་ཞིག་ཡིན། དེ་བཞིན་སྙན་ཐོ་དེའི་ནང་གལ་ཏེ་སྲིད་བྱུས་འདི་དག་ལ་འགྱུར་བ་མ་བཏང་ཚེ། བོད་མི་རིགས་ཀྱི་རིག་གཞུང་སླར་གསོ་བྱེད་མི་ཐུབ་པའི་གནོད་སྐྱོན་ཚབས་ཆེ་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དམིགས་བསལ་སྙན་སྒྲོན་པས་གལ་གནད་ཆེ་བའི་སྙན་ཐོ་འདི་འདོན་སྤེལ་གནང་བར་ཡི་རངས་བསྔགས་བརྗོད་ཞུས་པ་དང་། སྙན་ཐོ་འདིའི་བརྒྱུད་བོད་མི་ཚོས་ལོ་མང་རིང་ཉེན་བརྡ་གཏོང་བཞིན་པའི་གནད་དོན་རྣམས་ངེས་བརྟན་བཟོས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནི། བོད་ནང་ཡར་རྒྱས་གཏོང་སླད་མ་ཡིན་པར་མི་རིགས་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་ཏུ་བཅུག་སྟེ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་དྲག་གནོན་བྱས་པ་ནི་མི་རིགས་ཀྱི་གཞི་རྩའི་ངོ་བོ་རྩ་གཏོར་གཏོང་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེ་དག་ལ་དོ་སྣང་གིས་བོད་པའི་མི་རིགས་རྒྱུན་གནས་དང་སྲུང་སྐྱོབ་ཐུབ་པར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།།





