[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༤ ཉིན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་རྒྱ་རྒོལ་ལས་འགུལ་དེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་(Jantar Mantar)ལ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་སྦྲགས། ཉིན་གྲངས་༢༥ རིང་གི་ལས་འགུལ་མཇུག་བསྒྲིལ་འདུག
པར། བོད་ཀྱི་གཞོན་ནུ་ལྷན་ཚོགས།
ལས་འགུལ་དེ་ནི་ཕྱི་ལོ་༢༠༢༦ ཟླ་༣ ཚེེས་༣༡ ཉིན། བཞུགས་སྒར་དྷ་ས་ལྷ་རྒྱལ་རི་ནས་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིི་ལས་འགུལ་ནང་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་༢༠ ནས་ལས་འགུལ་བ་མི་གྲངས་༦༥ མཉམ་ཞུགས་གནང་ཡོད་པ་རེད། དེ་རིང་ལས་འགུལ་མཇུག་བསྒྲིལ་པ་དང་བསྟུན། འདི་གར་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལ་ལས་འགུལ་སྐབས་དཀའ་ངལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་རྒྱ་གར་གྱི་མངའ་སྡེ་བཞིའི་ནང་ཉིན་གྲངས་༢༥ རིང་གོམ་བགྲོད་བྱེད་པའི་སྐབས། ཧི་མ་ཅལ་མངའ་སྡེའི་ནང་ཆར་པ་བབས་པ་དང་། པན་ཇབ་དང་ཧ་རི་ཡ་ན་སོགས་སུ་ཚ་བ་ཆེ་བའི་གནམ་གཤིས་ཀྱི་དཀའ་ངལ་འཕྲད་པ་དང་། དེ་བཞིན་གོམ་བགྲོད་ཡུན་རིང་བྱས་པའི་རྐྱེན་གྱིས་ལས་འགུལ་བ་ཁག་ཅིག་གི་རྐང་པ་ཆུ་སྒང་བརྡོལ་བ་སོགས་དཀའ་ངལ་ཕྲན་བུ་རིགས་བྱུང་ཡོད་ན་ཡང་། ལས་འགུལ་མཚམས་འཇོག་དགོས་པའི་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་ཞེས་བརྗོད་བྱུང་། དེ་བཞིན་ལས་འགུལ་གྱི་འགྲུབ་འབྲས་སྐོར་བཅར་འདྲི་ཞུས་པར། ཁོང་གིས་འདས་པའི་ཉིན་གྲངས་ཉེར་ལྔའི་རིང་གོམ་བགྲོད་བྱེད་པའི་སྐབས། ས་གནས་མི་མང་ལ་ལས་འགུལ་དང་འབྲེལ་བའི་ཡིག་ཆ་གྲངས་༡༥༠༠༠ ཙམ་བཀྲམ་ཐུབ་པ་བྱུང་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་༢༠༠ ཙམ་གྱིས་ཞྭ་མོ་ནག་པོའི་ལས་འགུལ་སྐོར་གནས་ཚུལ་སྤེལ་ཡོད་པ། དེ་བཞིན། ལས་འགུལ་གྱི་ཉིན་ཉེར་བཞི་པར་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་རྒྱ་གར་རྒྱལ་ཡོངས་ཀོང་རེ་སེ་ཚོགས་པ་དང་། ཇཱན་ཏཱ་དལ་ཡུ་ནའི་ཊི།(Janata Dal (United) དེ་བཞིན་སཱ་མཱ་ཇི་ཝཱ་ཌི་(Samajwadi)དང་། ར་ཤི་ཊི་རི་ཡ་ལོ་ཀ་དལ་(Rashtriya Lok Dal)བཅས་ཆབ་སྲིད་ཚོགས་པ་བཞི་ཀའི་སྐུ་ཚབ་དང་མཇལ་འཕྲད་བྱས་ཏེ། ལས་འགུལ་གྱི་དམིགས་ཡུལ་སྐོར་གསལ་བཤད་དང་། ཚོགས་པ་རེ་རེའི་ལས་ཁུངས་སུ་ཞུ་གཏུགས་ཡི་གེ་རེ་ཡང་ཕུལ་ཐུབ་པ་བྱུང་ཞེས་དང་། ལྷག་པར་དུ་དེ་རིང་ལས་འགུལ་མཇུག་སྒྲིལ་པ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཚོགས་ཀྱི་ཡིག་ཚང་དང་། རྒྱ་གར་གྱི་སྲིད་བློན་མུ་དྷིའི་ཡིག་ཚང་གཉིས་སུ་ལས་འགུལ་གྱི་དགོས་འདུན་དོན་ཚན་བཞི་ཅན་གྱི་ཞུ་སྙན་དེ་ཕུལ་ཐུབ་པ་བྱུང་ཞེས་བརྗོད་སོང་། གཞན་ཡང་། ས་གནས་མི་མང་གི་བོད་དོན་ལ་དོ་སྣང་གནང་ཕྱོགས་སྐོར་དྲིས་པར། ཁོང་གིས་ལས་འགུལ་སྤེལ་བའི་སྐབས་ས་གནས་ཡུལ་མི་ཁག་ཅིག་གིས་ཆུ་དང་ཇ་སྤྲད་པ་དང་། ཁྱིམ་དུ་ངལ་གསོ་བཅུག་པ་སོགས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡག་པོ་གནང་སོང་ཞེས་བརྗོད་སོང་།
ལས་འགུལ་གྱི་དགོས་འདུན་གཙོ་བོ་ཁག་ནི། རྒྱ་ནག་གིས་བཙན་འགེལ་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་མཚམས་འཇོག་དགོས་པ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་མཚམས་འཇོག་དགོས་པ། རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་འགྱུར་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན་འདུག གསར་འགོད་པ། བློ་བཟང་རྒྱ་མཚོ།





