ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

4 months ago

རྒྱ་དམར་གཞུང་གིས་བོད་གཞས་ལ་དམ་བསྒྲགས་དང་དེ་འབྲེལ་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་བཞིན། ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་ཀྱི་དམངས་གཞས་ལ་དམ་བསྒྲགས་དང་དེ་འབྲེལ་གཏོང་ལེན། ཕབ་ལེན། བརྒྱུད་སྐུར་བྱེད་མཁན་རྣམས་ལ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཡིན་པའི་ཁྲོད། ཉེ་ལམ་ཤར་ཏུར་ཀིས་ཐན་གྱི་གྲོང་ཁྱེར་ཞིག་གི་ནང་དུ་གནད་དོན་དེའི་ཐོག་ས་གནས་དཔོན་རིགས་དང་ཉེན་རྟོག་པའི་བར་ཚོགས་འདུའི་སྒྲ་འཇུག་ཞིག་ཕྱིར་བསྒྲགས་བྱུང་འདུག

China Bans Popular Uyghur Folk Songs, Warns of Prison for Listening or Sharingཔར་དབང་། AP

དེ་ཡང་ནོར་ཝེ་ནང་དུ་རྟེན་གཞི་བྱས་པའི་ UYGHUR HJELP ཡུ་གུར་རོགས་སྐྱོར་ཚོགས་པར་སྔ་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་ཤར་ཏུར་ཀིས་ཐན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོང་ཁྱེར་ཞིག་གི་ནང་དུ་ས་གནས་དཔོན་རིགས་དང་ཉེན་རྟོག་པའི་བར་ཚོགས་འདུ་འཚོགས་པའི་སྒྲ་འཇུག་ཞིག་རག་སོན་བྱུང་ཡོད་པ་དང་། དེའི་ནང་ཡུལ་དེར་དམ་བསྒྲགས་ཡོད་པའི་གཞས་སྣ་རྣམས་གཏོང་ལེན་དང་། ཉན་པ། ཉར་འཇོག་བྱེད་པ། སྤྱི་ཚོགས་དྲྭ་རྒྱའི་སྟེང་བརྒྱུད་སྐུལ་བྱེད་པ་རིགས་འབྱུང་ཚེ་བཙོན་འཇུག་བྱེད་སྲིད་པ་དང་། Besh pede བེཤ་པེ་ཌི་ཞེས་པའི་གཞས་དེ་ནི་ཡུ་གུར་གྱི་དམངས་གཞས་རྙོག་དྲ་ཅན་མང་པོའི་ནང་གི་གཅིག་ཡིན་པ་མ་ཟད། དེ་ནི་ཤར་ཏུར་ཀིས་ཐན་གྱི་སྲིད་གཞུང་ནས་བཀའ་འགོག་བྱས་པའི་གཞས་ཞིག་ཡིན་པ་བཤད་འདུག

ཡུ་གུར་རོགས་སྐྱོར་ཚོགས་པས་སྒྲ་འཇུག་དེ་ AP (Associated Press) གསར་ཁང་ལ་མཁོ་སྤྲོད་གནང་ཡོད་པ་དང་། ཚོགས་འདུའི་སྐབས་ཚོགས་བཅར་བ་རྣམས་ལ་ As-salamu alaykum ཞེས་ཁ་ཆེ་ནང་ཕན་ཚུན་ཐུག་པའི་སྐབས་ཀྱི་འཚམས་འདྲི་ཞུ་བའི་ཚིག་དང་། Allahqa amanet ཕན་ཚུན་ཕེབས་སྐྱེལ་འཚམས་འདྲིའི་ཚིག་སྟེ། དཀོན་མཆོག་གིས་ཁྱེད་རང་སྲུང་སྐྱོབ་བྱེད་པ་ཤོག་ཅེས་པའི་ཚིག་དེ་དག་བེད་སྤྱོད་བྱ་རྒྱུ་མེད་པར་དེའི་ཚབ་ཏུ་དམར་ཤོག་ཚོགས་པའི་ཁྱེད་རང་སྲུང་སྐྱོབ་བྱེད་པ་ཤོག་ཅེས་པའི་ཚིག་བེད་སྤྱོད་བྱ་དགོས་སྐོར་བཤད་ཡོད་པ་མངོན་གསལ་གནང་འདུག གསར་ཁང་དེས་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། ཕྱི་ལོ་ ༢༠༢༤ ལོའི་ནང་ཡུ་གུར་གྱི་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་ཞིག་གིས་རང་ཉིད་ཀྱི་ Cloud ཞེས་པའི་མཉེན་ཆས་ཁ་བྱང་སྟེང་ཚོར་བ་རྣོ་བའི་གཞས་སྣ་ཁག་གཅིག་བཞག་པའི་གནད་དོན་ལས་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཐེར་འདོན་གནང་འདུག

China Bans Popular Uyghur Folk Songs, Warns of Prison for Listening or Sharingཔར་དབང་། AP

ལྷག་པར་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་དུས་སྐབས་སུ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཤིན་ཅང་བརྙན་འཕྲིན་ནང་རྒྱང་སྲིང་བྱེད་མྱོང་ཡོད་པའི་ As-salamu alaykum ཞེས་པའི་གཞས་དེ་ཡང་ད་ཆ་ཆོས་ལུགས་དད་མོས་སྐུལ་མ་གཏོང་གི་ཡོད་པ་ལ་ཁག་དཀྲིས་ཏེ་བཀའ་སྡོམ་བྱས་འདུག་པ་དང་། ཡུ་གུར་གྱི་བཙོན་པ་དང་སྙན་ངག་པ་ Abduqadir Jalalidin ཨབ་དྷུ་ཁོ་བ་དྷིར་ཇཱ་ལཱ་ལི་དིན་གྱིས་ནང་ལ་ལོག་པའི་ལམ་ཁ་མི་འདུག་ཅེས་པའི་སྙན་ངག་ལ་གཞི་བཅོལ་ཏེ་བརྩམས་པའི་ Yanarim Yoq ཡཱ་ནཱ་རིམ་ཡོཁ་ཞེས་པའི་གཞས་དེའང་བཀའ་འགོག་བྱས་འདུག Abdurehim Heyit ཨབ་དྷུ་རེ་ཧིམ་ཧེ་ཡིཊ་གྱི་བརྩམས་པའི་ Atliar འམ་མེས་པོ་ཞེས་པའི་གཞས་བཀག་སྡོམ་གྱིས་ཁོང་བཙོན་འཇུག་བྱས་མྱོང་ཡོད་པ་རེད།

མ་ཟད་ཕྱི་ལོ་ ༢༠༢༣ ལོར་རང་ལོ་ ༢༧ ལ་སོན་པའི་ཡུ་གུར་གྱི་རོལ་དབྱངས་རྩོམ་པ་པོ་ Yashar Xiaohelaiti ཡཱ་ཤར་ཤའོ་ཧི་ལི་ཊི་ལ་ལྟ་བ་མཁྲེགས་འཛིན་གྱི་ཉེས་མིང་གཡོག་ཏེ། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ནང་། ཁོང་གིས་རྙོག་དྲ་ཅན་གྱི་གཞས་ ༤༢ བཟོས་ཡོད་ལུགས་དང་། དེ་འབྲེལ་ NetEase Cloude ཞེས་རྒྱ་ནག་གི་མཉེན་ཆས་ཐོག་རྒྱང་སྲིང་བྱས་པ་མ་ཟད། རྙོག་དྲ་ཅན་གྱི་འཕྲུལ་དེབ་ ༨ ཕབ་ལེན་བྱས་པའི་ཉེས་འཛུགས་བྱས་ཏེ། ལོ་གསུམ་བཙོན་འཇུག་དང་རྒྱ་སྒོར་ ༣༠༠༠ ཆད་པ་བཅད་འདུག

China Bans Popular Uyghur Folk Songs, Warns of Prison for Listening or Sharingཔར་དབང་། AP

རྒྱ་ནག་གཞུང་གིས་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་ཐོག་དྲག་གནོན་ཤུགས་ཆེ་བྱས་རྐྱེན། ཕྱི་ལོ་ ༢༠༢༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཉེས་འཛུགས་བྱས་ཏེ། ད་ནི་འགྲོ་བ་མིའི་རིགས་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་འགྱུར་སྲིད་པར་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ཆེ་ས་ནས་མི་རིགས་མཉམ་བསྲེས་ཀྱི་ལས་འགུལ་ཁྲོད། བཙན་དབང་གིས་ངལ་རྩོལ་དང་། སྐྱེ་སྒོ་འགོག་ཐབས། ཁྱིམ་ཚང་ཁ་བྲལ་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པར་རྒྱ་ནག་ལ་དེ་འབྲེལ་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས། གཞུང་གིས་དྲག་སྤྱོད་པ་དང་ཆོས་ལུགས་ལྟ་བ་མཁྲེགས་འཛིན་འགོག་ཐབས་སུ་ཁྲིམས་སྒྲིག་གཞིར་བཟུང་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཤིན་ཅང་གི་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་བློ་རྩ་བརྟན་པོ་ཡོད་སྐོར་བཤད་འདུག་པ་མ་ཟད། རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་དཔུང་སྡེ་རྣམས་ནས་ཤར་ཏུར་ཀིས་ཐན་གྱི་གནད་དོན་དེར་ངན་སེམས་བཅངས་བའི་ཐོག་ནས་གནས་ཚུལ་ཆེན་པོ་བཟོ་ཡི་ཡོད་ལུགས་བཤད་འདུག

China Rearrests Tibetan Youth Singer A-sang After Brief August Release; Current Whereabouts UnknownTibetan Singer Asang

རྩ་བའི་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་ནས་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་རྩ་མེད་གཏོང་ཐབས་སུ་སྲིད་བྱུས་དང་ལས་འགུལ་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། ཤར་ཏུར་ཀིས་ཐན་གྱི་གཞས་ལ་དམ་བསྒྲགས་བྱེད་བཞིན་པ་ལྟར་བོད་མིའི་ཐོག་ཏུའང་དེ་འབྲེལ་དམ་བསྒྲགས་བྱེད་བཞིན་ཡོད་པའི་ཁྲོད། གཞིས་བཞུགས་གཞས་པ་མང་པོ་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་དང་། དཔེར་ན། ཕྱི་ལོ་ ༢༠༢༢ ལོར་བོད་ནག་ཆུ་ནས་ཡིན་པའི་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་མགོ་ལོག་པདྨ་རྫོང་གི་གཞས་པ་གྲགས་ཅན་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་བླངས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ཕྱི་ལོ་ ༢༠༢༤ ལོར་བོད་ཀྱི་ལོ་གསར་ཉིན་གྱི་དགོང་མོར་གླུ་བ་བགེགས་འཇོམས་ལགས་ཀྱིས་བོད་མི་སྤྱི་ཡོངས་ལ་ཁྱབ་པའི་རྒྱ་གཞུང་མངའ་འོག་ཏུ་སྐྱིད་སྡུག་མཉམ་མྱོང་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་སྐྱོན་འཛུགས་སོགས་ནང་དོན་འཁོད་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ་ཞེས་པའི་གླུང་གཞས་བཏང་རྗེས། གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༥ ལོར་༸རྒྱལ་བའི་འཁྲུངས་སྐར་དང་འབྲེལ་ནས་བོད་རྔ་བ་རྫོང་བར་མ་ཡུལ་ཚོ་ནས་ཡིན་པའི་གླུ་བ་ཨ་སངས་ལགས་ཀྱིས་ཞི་བདེའི་རྒྱལ་སྲས་ཞེས་པའི་གླུ་གཞས་བསྐྱར་ལེན་བྱས་པར་ཟླ་ ༧ ཚེས་ ༨ ཉིན་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱི་ཟླ་ ༨ པའི་འགོ་སྟོད་དུ་སྤྱི་ཚོགས་དྲྭ་རྒྱ་སོགས་བེད་སྤྱོད་ཆོག་གི་མེད་པའི་བཀོད་ཁྱབ་དང་བཅས་ལྟ་སྲུང་དམ་དྲག་ཤུགས་ཆེ་འོག་གློད་བཀྲོལ་བཏང་ཡོད་པ་དེ་ལྟར་ཡང་། ཁོང་སྤྱི་ཚོགས་དྲྭ་རྒྱའི་སྟེང་དུས་ཚོད་འཁྱུག་ཙམ་རིང་མངོན་གསལ་ཐོན་པར་བརྟེན། ཉིན་ཤས་རྗེས་སླར་ཡང་འཛིན་བཟུང་གིས་ད་ཆ་ཁྲིམས་མཐུན་སྒོ་ནས་ནག་ཉེས་སོགས་མངོན་གསལ་གང་ཡང་མེད་པའི་ཐོག་བཀག་ཉར་འོག་ཡོད་པ་མ་ཟད།  སྔ་ལོའི་ཕྱི་ཟླ་ ༡༠ ནང་ཁོང་གི་ནང་མི་རྣམས་ལ་ཁོང་དང་ཐུག་འཕྲད་བྱ་རྒྱུ་དུས་ཚོད་གཏན་འཁེལ་ཟིན་ཡང་དེ་ལྟར་ཐུག་འཕྲད་བྱེད་བཅུག་མེད་པ་རེད།

Original Article