༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་རྒྱལ་ཁབ་མི་འདྲ་བ་ ༣༢ ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠༥ ལྷག་ཙམ་ལྷན་འཛོམས་གནང་ཡོད།
ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་སྟེ་ཐེངས་འདིའི་དམིགས་བསལ་ཚོགས་འདུའི་སྐོར་ངོ་སྤྲོད་དང་འབྲེལ་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གྱི་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང་བསྟུན་ནས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་རྒྱུ་དང་སྦྲགས། འཛམ་གླིང་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གོ་སྒྲིག་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་རྗེས་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྣང་གསལ་མར་མར་ཞལ་ཕྱེ་དང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་རི་ཅཌ་གྷིར་ལགས་ཀྱིས་བརྙན་ཐུང་བརྒྱུད་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གཟིགས་འབུལ་ཞུས། བརྙན་ཐུང་དེའི་ནང་སྐུ་ཞབས་རི་ཅཌ་གྷིར་ལགས་ཀྱིས་བོད་དོན་འཐབ་རྩོད་དེ་མི་ཆ་ཚང་བཅིངས་གྲོལ་ཐོབ་ཆེད་ཀྱི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་ཡིན། ལས་འགུལ་འདི་ནི་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་དང་བཅས་འབྲེལ་བ་ཡོད་པ་གང་ཞིག་འཛམ་གླིང་ཡོངས་ཁྱབ་ཀྱི་ལས་འགུལ་ཞིག་རེད། དེར་ང་ཚོ་ཚང་མས་མཉམ་རུབ་ཐོག་ཕྱག་ལས་གནང་དགོས་ཞེས་གསུངས།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་པ་དང་སྦྲགས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱལ་ཁ་དེས་ཁོང་གིས་འདས་པའི་ལོ་ལྔའི་རིང་གི་ཕྱག་ལས་གནང་བ་དེར་བོད་མི་ཚོའི་རྒྱབ་སྐྱོར་ཡོད་པ་བསྟན་གྱི་ཡོད་པ་དང་། བོད་མི་རྣམས་བོད་དོན་འཐབ་རྩོད་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཡོད་པ་མཚོན་གྱི་ཡོད། ཅེས་དང་།
ད་ལྟའི་འཛམ་གླིང་ནང་ཛ་དྲག་དང་ངེས་མེད་ཀྱི་གནས་སྟངས་ལ་མ་ལྟོས་པར་རྒྱལ་ཁབ་མི་འདྲ་བ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་མཉམ་ཞུགས་གནང་བ་དེས་ཁྱེད་ཚོའི་སེམས་ཤུགས་དང་ལྷག་བསམ་གསལ་པོར་བསྟན་ཐུབ་ཀྱི་ཡོད་ལ། དེ་ལྟ་བུའི་སེམས་ཤུགས་དང་ལྷག་བསམ་མུ་མཐུད་གནས་ཐུབ་ཚེ་ང་ཚོའི་དམིགས་ཡུལ་གྲུབ་ངེས་ཡིན། ཞེས་གསུངས་རྗེས་ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐོར་ངོ་སྤྲོད་གནང་སྐབས་ཐོག་མར་ཕྱི་ལོ ༡༩༥༩ ལོར་རྒྱ་གར་ནུབ་བྷང་གལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་བོད་དོན་ལྷན ཚོགས་ཐེངས་དང་པོ་དེ་ཚོགས་པ་དང་། དེ་ནས་བཟུང་ཚོགས་པ་གཞན་ཁག་གིས་བོད་དོན་རྒྱབ་སྐྱོར་གནང་འགོ་ཚུགས་ཡོད་པ་དང་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སུམ་ཅུ་ཙམ་ཡོད་པ་འགྲེལ་བརྗོད་གནང་།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙིང་དོན་གསུང་བཤད་གནང་ཞིང་། ཁོང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐོག་མར་འབྲེལ་བ་དེ་ཕྱི་ལོ་ ༢༠༠༣ ལོར་བྱུང་ཡོད་པ་དང་། སྐབས་དེ་དུས་དཔལ་ལྡན་སྲིད་སྐྱོང་མཆོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་། དེ་བཞིན་ཐེངས་འདིའི་ཚོགས་འདུ་དེ་༸སྐུའི་གོ་སྟོན་གྱི་ལས་རིམ་ཆ་ཤས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གཉིས་ཀྱིས་གྲོས་བསྡུར་གནང་སྟེ་ཐེངས་འདིའི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་མགྲོན་འབོད་ཞུ་རྒྱུ་ཐག་གཅོད་གནང་སྟབས། ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དེ་གོ་སྒྲིག་གནང་བ་ཞིག་ཆགས་ཡོད། གསུམ་བཅུའི་དུས་དྲན་ནི་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཐོག་ནས་དུས་ཚིགས་གལ་ཆེན་ཞིག་ཡིན་པས་སྐབས་དེར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཆེད་ཕེབས་གནང་བ་དེས་གནད་འགག་ཆེན་པོ་མཚོན་ཐུབ། ཅེས་དང་།
བོད་དོན་འཐབ་རྩོད་ནི་དངོས་ཡོད་གནས་ཚུལ་དང་དྲང་བདེན་ལ་གཞིར་བཞག་ཡོད་པ་དང་། ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་མུ་མཐུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན། ཞེས་གསུངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྐོར་འགྲེལ་བརྗོད་གནང་བ་དང་། རྒྱ་རིགས་སློབ་དཔོན་ལའོ་ལགས་ཀྱི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དང་། སྐུ་ཞབས་ཝན་ཝལ་པ་རག་ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ཉི་ཤུ་ཉི་ཤུ་གཉིས་ངོ་སྤྲོད་དང་ཚོགས་བཅར་བ་རྣམས་ནས་དཔེ་དེབ་བཀླག་དགོས་པའི་སྐུལ་མ་གནང་ཡོད།
དེ་མཚུངས་བོད་མིའི་སྒྲིག་འཛུགས་ངོས་ནས་དོ་སྣང་གནང་དགོས་གལ་ཁག་གི་སྐོར་བརྗོད་སྐབས་གཙོ་བོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་རྒྱལ་ཁབ་མི་འདྲ་བ་ནས་བསྒྲགས་གཏམ་སྤེལ་བའི་ཐོག་འབད་བརྩོན་གནང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་ཞིང་། ད་བར་ཨ་རི་དང་། ཡུ་རོབ་རྒྱལ་ཁབ་བདུན་བཅས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ནས་ཐེ་བྱུས་བྱེད་མི་ཚོག་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༢༥ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་འདུའི་མཐར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་མིའི་ཆོས་དད་རང་དབང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ཐོག་བསྒྲགས་གཏམ་སྤེལ་ཡོད་སྐོར་གསུངས། ད་ེབཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་ཆེད་དུ་སྔོན་རྩིས་རྒྱས་བཅད་ཁྲིམས་བཅར་ནང་དུ་བོད་མིའི་སྒྲིག་འཛུགས་དེ་བོད་ཀྱི་བཙན་བྱོལ་གཞུང་ཞིག་ལ་ངོས་འཛིན་གནང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། འབྱུང་འགྱུར་ཨ་རི་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་གྱི་རང་བཞིན་གནས་བབས་ཐོག་ཁྲིམས་འཆར་འདོན་རྒྱུའི་ཐོག་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས། མཐར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུར་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།
དེ་རྗེས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༧ ནས་ ༠༩ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་རིང་བོད་ནང་གི་ད་ལྟའི་གནས་སྟངས་དང་། ཐབས་བྱུས་ལྡན་པའི་འབྲེལ་ལམ་བརྒྱུད་རྒྱ་ནག་གི་འགྲེལ་བརྗོད་ལོག་པ་ལ་ལན་འདེབས། ས་ཁམས་ཆབ་སྲིད་ཐོག་བོད་ཀྱི་གལ་གནད་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས།།









