[དྷ་རམ་ས་ལར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༢ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་གི་གྲངས་འཛིན་ཐོབ་ཐང་(Digital Rights)སྐོར་གྱི་ལྷན་ཚོགས་ཆེ་ཤོས་དེ་རྒྱ་ནག་གི་གནོན་ཤུགས་འོག་གློ་བུར་དུ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག
༡༽ གནས་ཚུལ་གྱི་བྱུང་རིམ་དང་གནོན་ཤུགས་ཀྱི་རྩ་བ།ཕྱི་ལོ་༢༠༢༦ ཟླ་༥ ཚེས་༥ ནས་༡༠ བར། ཨ་རིར་རྟེན་གཞི་བྱས་པའི་ཁེ་མེད་ཚོགས་པ་”Access Now” ཞེས་པའི་གོ་སྒྲིག་འོག འཛམ་གླིང་གྲངས་འཛིན་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཆེ་ཤོས་( “RightsCon 2026”)ཞེས་པ་དེ། ཛམ་བྷ་ཝེའི་རྒྱལ་ས་ལུག་ས་ཁ་(Lusaka) རུ་འཚོགས་རྒྱུའི་གཏན་འཁེལ་ཡོད་ན་ཡང་། ལྷན་ཚོགས་དབུ་འཛུགས་མ་བྱས་པའི་གོང་དུ། རྒྱ་ནག་གཞུང་གི་ཕྱི་འབྲེལ་མི་སྣས་ཛམ་བྷ་ཝེ་གཞུང་ལ་ཐེ་ཝན་གྱི་སྤྱི་དམངས་ཚོགས་པའི་འཐུས་མི་རྣམས་ལྷན་ཚོགས་ནས་ཕྱིར་འཕུད་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འཐུས་མི་རྣམས་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་པར་ངོ་རྒོལ་དྲག་པོ་བྱས་པ་མ་ཟད། ཛམ་བྷ་ཝེ་གཞུང་ལ་ཁོང་ཚོ་མཉམ་ཞུགས་བྱེད་དུ་བཅུག་ཚེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་བརྗོད་འདུག
གོ་སྒྲིག་ཚོགས་པ་ “Access Now” ཡིས། རྒྱལ་ཁབ་བྱེ་བྲག་པ་ཅིག་གི་འཐུས་མི་རྣམས་ཕྱིར་འཕུད་གཏོང་རྒྱུ་དེ་ནི་ཚོགས་པའི་གཞི་རྩའི་ལྟ་བ་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མཉམ་ཞུགས་ཀྱི་རང་དབང་བཅས་ལ་འགལ་བ་ཞིག་ཡིན་པར་ངོས་འཛིན་བྱས་ནས་རྒྱ་ནག་དང་ཛམ་བྷ་ཝེ་གཞུང་གི་རེ་འདོད་དེར་ངོས་ལེན་གནང་མེད་པ་མ་ཟད། གོ་སྒྲིག་ཚོགས་པས་རྒྱ་ནག་གི་དགོས་འདུན་ལ་མགོ་བསྒུར་ནས་ཐེ་ཝན་གྱི་འཐུས་མི་རྣམས་ཕྱིར་འཕུད་གཏོང་རྒྱུའི་ཚབ་ཏུ་། ལྷན་ཚོགས་དེ་རྩ་བ་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་གནང་ཡོད་འདུགགནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་འཐུས་མི་རྣམས་ལ་འཇིགས་སྣང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་ཚོས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་”གྲངས་འཛིན་སྒེར་གཅོད་རིང་ལུགས་” (Digital Authoritarianism) དང་། དྲ་རྒྱའི་ལྟ་ཞིབ་ནན་པོ་བྱེད་བཞིན་པའི་གནད་དོན་རྣམས་གླེང་སློང་བྱས་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་གདོང་རིས་ངོ་མ་བསྟན་ཡོང་བར་དོགས་ཟོན་བྱས་པ་ཞིག་ཡིན་པར་འདོད་ཀྱི་ཡོད་འདུག།ཐེངས་འདིའི་ལྷན་ཚོགས་འཚོགས་ཡུལ་”མུ་ལུང་གུ་ཤི་རྒྱལ་སྤྱིའི་ཚོགས་ཁང་” (Mulungushi International Convention Center) དེ་ནི། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་གཞུང་གི་རོགས་དངུལ་འོག་བཟོ་བཅོས་བྱས་པ་ཞིག་ཡིན་པ་དང་། ཛམ་བྷ་ཝེ་རྒྱལ་ཁབ་ནི་རྒྱ་ནག་ལ་བུ་ལོན་ཤིན་ཏུ་མང་པོ་དགོས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཛམ་བྷ་ཝེའི་ནང་གི་རྨང་གཞིའི་འཛུགས་སྐྲུན་མང་པོ་ཞིག་རྒྱ་ནག་གི་བཟོ་ལས་ཁང་ཁག་གིས་བཟུང་ཡོད་པས། ཛམ་བྷ་ཝེ་སྲིད་གཞུང་གིས་རྒྱ་ནག་གི་རེ་འདོད་ལ་ལྡོག་ལན་སྤྲོད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། གནད་དོན་དེས་རྒྱ་ནག་གིས་དཔལ་འབྱོར་གྱི་ལག་ཆ་བེད་སྤྱོད་བཏང་སྟེ་རྒྱལ་ཁབ་གཞན་གྱི་རང་དབང་ལ་ཐེ་ཇུས་བྱེད་བཞིན་པ་མཚོན་ཡོད་པ་བརྗོད་འདུག།རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ (Amnesty International) སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། བྱུང་རྐྱེན་འདི་ནི་རྒྱ་ནག་གིས་ “རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་” (Transnational Repression) བྱས་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན་པར་བསྒྲགས་ཤིང་། འདི་ནི་འཛམ་གླིང་ཡོངས་ཀྱི་དྲ་རྒྱའི་ལྟ་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་ངོ་རྒོལ་བྱེད་མཁན་རྣམས་ལ་ཕམ་ཉེས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་འདུག ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་༡༥༠ ལྷག་ནས་ཚོགས་སྡེ་ཁག་༧༥༠ ནས་འཐུས་མི་༣༧༠༠ ལྷག་མཉམ་ཞུགས་གནང་རྒྱུའི་རེ་བ་ཡོད་ཀྱང་། ཆབ་སྲིད་ཀྱི་རྐྱེན་པས་ཚང་མ་འགག་ཡོད་འདུགཕྱི་ལོ་༢༠༢༥ ལོའི་ RightsCon ལྷན་ཚོགས་དེ་ཐེ་ཝན་གྱི་རྒྱལ་ས་ཐེའི་པེར་ (Taipei) འཚོགས་ཡོད་པ་དང་། དེའི་སྐབས་སུ་རང་དབང་ལྡན་པའི་ངང་ནས་བགྲོ་གླེང་ལྷུག་པོ་བྱུང་ཡོད་ན་ཡང་། ལོ་ངོ་གཅིག་གི་རྗེས་སུ་ཛམ་བྷ་ཝེའི་ནང་ལྷན་ཚོགས་འདི་ལྟར་ཕྱིར་འཐེན་བྱེད་དགོས་བྱུང་བ་དེས། སྒེར་གཅོད་ལམ་ལུགས་ཀྱིས་རྒྱལ་སྤྱིའི་སྡིངས་ཆ་ཁག་ལ་ཤུགས་རྐྱེན་ཇི་ཙམ་སྤྲོད་ཐུབ་ཀྱི་ཡོད་པ་དང་། ས་ཁུལ་གཞན་དུ་རང་དབང་གི་སྒོ་ནས་བགྲོ་གླེང་བྱེད་རྒྱུ་ཇི་ཙམ་ཁག་པོ་ཆགས་ཡོད་པ་གསལ་སྟོན་བྱས་ཡོད་པ་བརྗོད་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།




