ཕྱི་ལོ་༢༠༢༦ ཟླ་༥ ཚེས་༨ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༧ ཉིན། རྒྱ་ནག་གི་དམག་དོན་ཁྲིམས་ཁང་གིས་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧོ་ (Wei Fenghe) དང་ལི་ཧྲང་ཧྥུ་ (Li Shangfu) གཉིས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་ར་སྤྲོད་བྱུང་བར་བརྟེན། ཁོང་གཉིས་ལ་ལོ་ངོ་གཉིས་རིང་དུས་འགྱངས་ཀྱི་སྲོག་ཁྲིམས་ལག་བསྟར་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་གཉིས་ཀྱི་རྗེས་སུ་ཁོང་གཉིས་ཀྱི་ཉེས་ཆད་དེ་སྲོག་ཁྲིམས་ནས་ཚེ་བཙོན་དུ་སྒྱུར་སྲིད་ནའང་། དུས་ནམ་ཡང་བཙོན་གྲོལ་གྱི་གོ་སྐབས་མེད་པ་བཟོས་ཡོད་འདུག
ཝེ་ཧྥེང་ཧོ་ནི་རང་ལོ་༧༢ ཡིན་པ་དང་ཁོང་གིས་ཕྱི་ལོ་༢༠༡༨ ནས་ཕྱི་ལོ་༢༠༢༣ བར་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་ཁུར་ཡོད་པ་དང་། རང་ལོ་༦༨ ལ་སོན་པའི་ལི་ཧྲང་ཧྥུ་ཡིས་ཁོང་གི་ཤུལ་འཛིན་བྱས་ཏེ། ཕྱི་ལོ་༢༠༢༣ ལོར་ཟླ་བ་བརྒྱད་མ་ཟིན་ཙམ་ལ་ལས་འགན་ཁུར་ཡོད་འདུག། ཕྱི་ལོ་༢༠༢༣ ལོར་དམག་མིའི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ཚན་པས་ཁོང་གཉིས་ཀ་ཞིབ་བཤེར་འོག་བཅུག་ཡོད་འདུག རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་དམག་མིའི་ནང་ཁུལ་དུ་གཙང་བཤེར་བྱེད་པའི་ལས་འགུལ་དེ་མཐོ་རིམ་དཔོན་རིགས་ཚོའི་ནང་སྤེལ་བཞིན་ཡོད་པ་དང་། ཉེ་ཆར་ཟླ་དང་པོའི་ནང་གོ་གནས་མཐོ་ཤོས་གྲས་ཀྱི་དམག་དཔོན་ཀྲང་ཡིའུ་ཞ་ (Zhang Youxia) ཡང་གནས་དབྱུང་བཏང་ཡོད་པ་དང་། ཁོང་ནི་ཝེ་དང་ལི་གཉིས་ལས་གོ་གནས་མཐོ་བ་ཡོད་པ་མ་ཟད། དེ་སྔ་དམག་མིའི་ཉིན་རེའི་ལས་དོན་ལ་སྟངས་འཛིན་བྱེད་མཁན་ཞིག་ཀྱང་ཡིན་འདུགཞི་ཅིན་ཕིང་གིས་སྤེལ་བཞིན་པའི་གཙང་བཤེར་གྱི་ལས་འགུལ་དེས་རྒྱ་ནག་གི་དམག་མི་ས་ཡ་གཉིས་ཡོད་པའི་མི་དམངས་བཅིངས་འགྲོལ་དམག་ནང་རྒྱ་ཁྱབ་ཀྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཕྱི་ལོ་༢༠༢༢ ནས་བཟུང་ད་བར་དམག་དཔོན་༡༠༠ ལྷག་གནས་དབྱུང་བཏང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཨ་རིའི་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འཐབ་བྱུས་ཞིབ་འཇུག་ལྟེ་གནས་ཁང་(CSIS) གི་སྙན་ཐོ་ལྟར་ན། ཕྱི་ལོ་༢༠༢༢ ལོ་ནས་བཟུང་རྒྱ་ནག་དམག་དཔོན་(General) དང་དམག་དཔོན་གཞོན་པ་(Lieutenant General) ༣༦ དངོས་སུ་གནས་དབྱུང་བཏང་ཡོད་པ་དང་། གཞན་ཡང་དཔོན་རིགས་༦༥ ཙམ་གར་སོང་ཆ་མེད་དུ་གྱུར་བའམ། ཡང་ན། གཙང་བཤེར་གྱི་ཁོངས་སུ་ཚུད་ཡོད་པ་བཀོད་འདུག སྙན་ཐོ་དེའི་ནང་། རྒྱ་ནག་མི་མང་བཅིངས་འགྲོལ་དམག་གི་རིམ་པ་མཐོ་བའི་འགོ་ཁྲིད་ཀྱི་གོ་གནས་༥༢% ཙམ་ལ་གཙང་བཤེར་གྱི་ཤུགས་རྐྱེན་ཐེབས་ཡོད་པ་བསྟན་འདུག།རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་ (PLA) གི་གཞུང་འབྲེལ་ཚགས་པར་ཐོག ཏང་ཡོན་དང་དམག་མིའི་ལས་བྱེད་རྣམས་ཀྱིས་གོང་གསལ་གྱི་གནད་དོན་འདི་གཉིས་ལས་བསླབ་བྱ་ལེན་དགོས་པའི་སྐུལ་མ་བྱས་ཡོད་པ་དང་། རྒྱ་ནག་གི་འཛིན་སྐྱོང་དམར་ཤོག་ཚོགས་པར་ “བློ་གཏད་གཉིས་འཛིན་” བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག གཞན་ཡང་། དམག་དཔུང་(Military) གི་ངོས་ནས། ཝེ་དང་ལི་གཉིས་ཀྱིས་དམར་ཤོག་ཚོགས་པའི་བྱ་གཞག་དང་། རྒྱལ་སྲུང་། དམག་དཔུང་འཛུགས་སྐྲུན། དེ་བཞིན་མཐོ་རིམ་དབུ་ཁྲིད་ཚོའི་རྣམ་པ་བཅས་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་ཅེས་བརྗོད་འདུག།ཞི་ཅིན་ཕིང་གིས་འདི་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི། དམག་མིའི་ནང་གི་ལྐོག་ཟ་རུལ་སུངས་གཙང་བཟོ་བྱས་ཏེ་དམག་དོན་དེང་རབས་ཅན་དུ་སྒྱུར་བ་དང་། ཁོང་གི་དབང་ཆ་སྲ་བརྟན་གཏོང་རྒྱུ་དེ་ཡིན་ཡང་། གནས་ཚུལ་དབྱེ་ཞིབ་པ་འགས་ “སྔར་བྱུང་མྱོང་མེད་པའི་གཙང་བཤེར་” འདིས་རྒྱ་ནག་དམག་མིའི་དམག་འཐབ་ཀྱི་ནུས་པ་དང་། རྙོག་འཛིང་ཆེ་བའི་དམག་དོན་ལས་འགུལ་སྤེལ་བའི་གྲ་སྒྲིག་ལ་བགེགས་བར་བཟོ་སྲིད་པའི་དོགས་པ་བྱེད་བཞིན་ཡོད་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།



