ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༨ གནམ་སྒང་ཉིན་གྱི་ཕྱི་དྲོ་ཚོུད་ ༥ པའི་ཐོག་༸སྐུའི་གཅུང་པོ་༧སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ལྟར། དེ་རིང་ལོ་གསར་ཚེས་པ་ ༢ པའི་སྔ་དྲོར་ཞིང་གཤེགས་དེ་ཉིད་ཀྱི་སྐུ་ཕུང་བཞུགས་སྒར་མེག་གྡན་གྱི་དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་གནང་སོང་བ་མ་ཟད། ལ་དྭགས་ནང་ཁ་སང་ནས་རིན་པོ་ཆེ་དམ་པའི་སླད་དུ་གདུང་ཤུགས་དྲག་པོས་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ནི། བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༤༦ ལོར་འཁྲུངས་ཤིང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བསྟན་འཛིན་ཆོས་རྒྱལ་ཞེས་མཚན་གསོལ་བ་དང་ཁོང་དགུང་ལོ་བཞི་ལ་སོན་སྐབས་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅུ་དྲུག་པར་ངོས་འཛིན་མཛད་ཡོད། དེ་ནས་ཁོང་ཉིད་ལྷ་ས་ཉེ་འཁྲིས་སུ་ཆགས་པའི་མངའ་རིེས་རིན་པོ་ཆེ་སྐུ་ཕྲེང་དང་པོས་ཕྱག་བཏབ་པའི་དགོན་པའི་ནང་གསེར་ཁྲི་མངའ་གསོལ་གྱི་ཆེད་དུ་རེ་ཞིག་བཞུགས་མྱོང་ཡོད་ཀྱང་དགུང་ལོ་དྲུག་མ་སོན་བར་ཁྱིམ་དུ་བཞུགས་པ་དང་དེ་རྗེས་དགོན་པ་དེ་རང་དུ་ཆོས་ཞུགས་གནང་བ་མ་ཟད། ཕྱིས་སུ་གྲགས་ཅན་འབྲས་སྤུངས་དགོན་ཆེན་དུ་སློབ་གཉེར་མུ་མཐུད་གནང་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པར་རིན་པོ་ཆེ་དགུང་ལོ་ ༡༢ སོན་སྐབས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་བཙན་བཟུང་བྱས་པའི་རྗེས་སུ་༸གོང་ས་མཆོག་གི་སྐུ་འཁོར་གྱི་ཆ་ཤས་སུ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། རྒྱ་གར་དུ་འབྱོར་ནས་བདུན་ཕྲག་ཁ་ཤས་རྗེས་སུ་ཁོང་རྒྱ་གར་ཤར་ཕྱོགས་ཀྱི་རྡོ་རྗེ་གླིང་དུ་ཡོད་པའི་སློབ་གྲྭ་ཞིག་ཏུ་ཕེབས་ནས་དེར་དེང་རབས་ཀྱི་སློབ་གསོ་ཐོག་མ་དེ་ཐོབ་ཡོད། དེ་རྗེས་ཁོང་གིས་ཨ་རི་དང་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་གནང་སྟེ་སྐུ་ཚེའི་ལྷག་མ་རྒྱ་གར་དུ་བཞུགས་ཡོད། མངའ་རིས་རིན་པོ་ཆེ་མཆོག་ནི་༧གོང་ས་མཆོག་དང་འབྲེལ་བ་ཧ་ཅང་ཟབ་ཅིང་། ༧གོང་ས་མཆོག་ལ་ཞབས་ཞུ་ཧ་ཅང་མང་པོ་གནང་ཡོད། དཔེར་ན་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་དང་ལྷན་རྒྱས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དང་ ༡༩༥༦ ལོར་རྒྱ་གར་ཙམ་མ་ཟད་དེ་བཞིན་ ༡༩༥༩ རྗེས་མགོན་པོ་༸གང་ཉིད་མཆོག་དང་ལྷན་རྒྱས་རྒྱལ་ཁབ་མང་པོའི་འགྲུལ་བཞུད་ལ་ཆེད་ཕེབས་གནང་མྱོང་ཡོད། རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་བོད་ཕྲུག་ཁྱིམ་སྡེ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མྱོང་ཡོད་ལ། དྭང་ཞབས་ཁོངས་སུའང་བཞུགས་མྱོང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་རིན་པོ་ཆེ་མཆོག་ནི་བོད་ཀྱི་གནད་དོན་གྱི་ཆ་ཤས་སྣ་ཚོགས་ཐོག་རྒྱ་གར་དང་ཕྱི་རྒྱལ་གྱི་ཤེས་ཡོན་སྡེ་ཁག་ཏུ་གསུང་བཤད་གནང་མཁན་མཁྱེན་རྒྱ་ཆེ་བ་ཞིག་ལ་ངོས་འཛིན་གནང་བ་མ་ཟད་བོད་བརྒྱུད་ནང་བསྟན་གྱི་བླ་མ་ཞིག་ཀྱང་ཡིན་རུང་། རིན་པོ་ཆེ་མཆོག་གིས་རྒྱུན་དུ་ཆོ་ག་ཕྱག་ལེན་རིགས་ལ་ཐུགས་འདོད་གནང་གི་མེད་པ་དེ་ལྟར་ཡང་རིན་པོ་ཆེ་མཆོག་ནས་བོད་ནང་གི་དགོན་སྡེ་ཁག་ལ་མ་ཟད། ལ་དྭགས་ཀྱི་དགོན་སྡེ་ཁག་མང་པོ་ཞིག་ལའང་གཟིགས་རྟོགས་མཛད་དེ་དེ་དག་སྤྱི་ཚོགས་ལ་དོན་དངོས་ཐོག་འབྲེལ་བ་ཆེ་རུ་གཏོང་བ་དང་དུས་མཉམ་ཤེས་ཡོན་གྱི་གོ་སྐབས་རྒྱ་སྐྱེད་གཏོང་བར་ལེགས་སྐྱེས་ཕུལ་ཡོད་པ་རེད་འདུག ཁ་སང་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཕྲལ། བོད་མི་འདུ་སྡོད་ས་གནས་གང་སར་མྱ་ངན་གུས་འདུད་དང་རིན་པོ་ཆེ་དམ་པའི་ཤུལ་བཞུགས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་པའི་ཁྲོད་ལ་དྭགས་ཟངས་དཀར་སྟོང་སྡེ་དགོན་དང་གཞན་ཡང་ལ་དྭགས་ནང་གི་དགོན་ཁག་བརྒྱད་ལྷག་གིས་རིན་པོ་ཆེ་དམ་པའི་ཤུལ་བཞུགས་ལྷ་ལྕམ་དང་ལྷ་སྲས་རྣམས་ཀྱིས་གཙོས་སྐུ་འཁོར་སྐུ་མཆེད་རྣམས་དང་དེ་བཞིན་འབྲེལ་ཡོད་གང་གི་སློབ་འབངས་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་ཡིད་གདུང་དྲག་པོས་གདུང་སེམས་མཉམ་སྐྱེད་ཞུས་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་ཤུལ་ནང་མིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་བོད་ཀྱི་བཙུན་མའི་ལས་འཆར་གསར་འཛུགས་གནང་མཁན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ཆོས་རྒྱལ་དང་། སྲས་བསྟན་འཛིན་བློ་གྲོས་དང་སྲས་མོ་བསྟན་འཛིན་ཆོས་འཛོམས་བཅས་ཡོད་པ་རེད།
The post ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཞུགས་འབུལ། appeared first on vot.





