ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞིའི་དགོངས་དོན་བཞིན་བཀའ་ཤག་གིས་ཡུ་རོབ་དང་ཨ་ཧྥི་རི་ཁའི་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག
དེ་རིང་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་བའི་ནང་གསེས་ ༡ དགོངས་དོན་བཞིན། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ཡུ་རོབ་དང་ཨ་ཧྥི་ཁའི་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག་ལ། ཁོང་གིས་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་དོན་གཅོད་ཀྱི་ལས་འཁུར་དབུ་འཛུགས་ཞུ་རྒྱུ་རེད་འདུག
དེ་འབྲེལ་གསལ་བསྒྲགས་ནང་། ཕྱིའི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར་ཞེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་ནང་གསལ་ལྟར་བསྐོ་གཞག་བྱས་པ་ཡིན་པར་གསལ་འདུག
སྤྱི་ཟུར་ཐུབ་བསྟན་དབང་ཆེནལགས་ནི་ཕྱི་ལོ་ ༡༩༥༤ ལོར་སྐྱིད་གྲོང་དུ་སྐྱེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བྲོས་བྱོལ་དུ་བསླེབས། དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་དང་རྒྱ་གར་གཞུང་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་གཞུང་གཏན་སློབ་ཌལ་ཧོསེར་སློབ་སྦྱོང་བྱས། དེ་རྗེས་དྷ་ས་རྣམ་རྒྱལ་གྲྭ་ཚང་དུ་འཛུལ་ཞུགས་ཀྱིས་ནང་ཆོས་ལ་བསླབ་པ་སློབ་གཉེར་ཞུས། ཕྱི་ལོ་ ༡༩༨༢ ལོར་སེ་པན་ནང་པའི་ཆོས་ཚོགས་ཞིག་གི་རེ་འདུན་ལྟར་ཆོས་ཚོགས་ཀྱི་དབྱིན་ཇིའི་སྐད་བསྒྱུར་ཆེད་ཕེབས། སེ་པན་ནང་གཏན་སྡོད་བྱེད་མཁན་བོད་མི་དང་པོ་དེ་ནས་ཆགས། ཕྱི་ལོ་ ༡༩༩༤ ལོར་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་སེ་པན་བོད་ཀྱི་ཁང་པ་ཞེས་རིག་གཞུང་བསྟི་གནས་ཁང་གསར་འཛུགས་དང་། ྋགོང་ས་མཆོག་ནས་དབུ་འབྱེད་མཛད་སྒོར་བཀའ་དྲིན་བསྐྱངས་གནང་མཛད། ཕྱི་ལོ་ ༢༠༡༡ དང་ ༢༠༡༦ ལོར་སྲིད་སྤྱིའི་འོས་བསྡུ་ཆེན་མོར་ཡུ་རོབ་དང་ཨ་ཕི་རི་ཀའི་སྤྱི་འཐུས་སུ་འོས་འདེམས་བྱུང་། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོར་སླར་ཡང་སྐབས་ ༡༧ པའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས། appeared first on བོད་ཀྱི་དུས་བབ།.


