སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

2 hours ago

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འབྲས་སྤུངས་བླ་སྤྱིའི་ལྷ་མོ་ཁང་དུ་རང་ཉིད་ནས་མཆོག་གསུམ་དཔང་བཙུགས་ཀྱིས་བཞག་པའི་ཁས་ལེན་དམ་བཅའ་ལ་རྩིས་མེད་རྡོག་རོལ་བཏང་བར་བརྟེན། སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དབུ་ཆོས་རྣམ་གཉིས་དང༌། མ་འོངས་འཛིན་སྐྱོང༌། ཕྱག་དྲུང་ལྷན་རྒྱས། ཁམས་ཚན་བཅུ་དྲུག་གི་འཐུས་མི་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་བསྡུར་གྱིས་གྲོས་ཆོད་ཁག་གསུམ་གཏན་འབེབས་གནང་བའི་ཁྲོད། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་མཆོག་གསུམ་དཔང་བཙུགས་ཀྱིས་མནའ་སྐྱེལ་དམ་བཅའ་བཞག་པར་རང་ཉིད་ཀྱིས་དངོས་སུ་རྩིས་མེད་རྡོག་རོལ་བཏང་སྟེ། ཁྱིམ་པ་བར་སུན་འབྱིན་དང་རྒྱལ་བའི་བསྟན་པ་ལ་གནོད་པའི་ལས་བྱས་པར་བརྟེན། འདུལ་ཁྲིམས་དང་མཐུན་པའི་སྒོ་ནས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་། མ་འོངས་པར་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་འོག་ཡོད་པ་སུའང་སྲིད་སྤྱིའི་འོས་འགྲན་ནང་ཞུགས་མི་ཆོག་པ།  དེ་བཞིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཕོ་བྲང་ལ་གཞི་མེད་སྐྱོན་བརྗོད་དང་མཚན་སྨད་བྱས་པའི་དཔང་རྟགས་དངོས་སུ་ར་སྤྲོད་བྱུང་ཚེ་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུ་བཅས་གྲོས་ཆོད་ཁག་གསུམ་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག

སྒོ་མང་གྲྭ་ཚང་གིས་བསྒྲགས་པའི་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་དགོས་དོན་ནི། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༩ ཉིན་འབྲས་སྤུངས་བླ་སྤྱིའི་ཚོགས་འདུ་རྒྱས་འཛོམས་སར་ཐག་གཅོད་གཏན་འབེབས་བྱུང་བ་ལྟར། ཉིན་དེར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འབྲས་སྤུངས་བླ་སྤྱིའི་ལྷ་མོ་ཁང་དུ་མཆོག་གསུམ་དཔང་དུ་བཙུགས་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན་ཞེས་ཁས་ལེན་ཞུས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ གྲོས་ཚོགས་ཚོགས་དུས་ ༡༡ སྟེང་ཁོང་གིས་ཡང་བསྐྱར་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དེ་རྫུན་མ་ཡིན་ཚུལ་དང་དེ་གནས་ཆུང་གི་བཀའ་ལུང་ལ་ངོས་ལེན་བྱེད་ཐབས་མེད་ཚུལ་སོགས་བསྒྲགས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

འདི་གའི་གསར་འགོད་པས་འབྲས་སྤུངས་སྒོ་མང་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་གཉིས་ལ་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་གསུམ་དང་འབྲེལ་ནས་བཀའ་འདྲི་ཞུ་ཐབས་བྱས་ནའང་མཐུད་ཐུབ་མ་སོང་ལ། སྒོ་མང་གྲྭ་ཚང་གི་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་གསུམ་གྱི་ནང་དུ། གཅིག དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་དང་འབྲེལ་བའི་གྲོས་ཆོད།  རང་རེ་སྒོ་མང་གྲྭ་ཚང་གི་ཁོངས་སུ་ཡོད་པའི་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་གྱིས། ཕྱི་ལོ་ ༢༠༢༦ ཟླ་༡ ཚེས་༩ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་(བླ་སྤྱི) ནས་སྤྱི་མོས་ཀྱིས་ གཏན་ལ་ཕབ་པའི་གྲོས་ཆོད་དགོངས་དོན་ལྟར། མཆོག་གསུམ་དཔང་བཙུགས་ཀྱིས་མནའ་སྐྱེལ་དམ་ བཅའ་བཞག་པ་རང་ཉིད་ཀྱིས་དངོས་སུ་རྩིས་མེད་རྡོག་རོལ་བཏང་སྟེ། ཁྱིམ་པ་སུན་འབྱིན་གྱིས་རྒྱལ་ བསྟན་ལ་གནོད་པའི་ལས་བྱས་པར་བརྟེན། སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས་དང་མཐུན་པའི་སྒོ་ནས་གྲྭ་ཚང་འདིའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བའི་གྲོས་ཆོད་དུ་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱུང་ཡོད།

གཉིས།  སྲིད་སྤྱིའི་འོས་འགྲན་ནང་ཞུགས་མི་ཆོག་པའི་གྲོས་ཆོད། བསྟན་སྲིད་སྤྱིའི་བདེ་ཐབས་དང་སྒོས་སུ་རང་ཅག་ཆོས་བྱེད་དགེ་འདུན་པའི་སྡེའི་མཚན་གནས་སྲུང་སྐྱོབ་སླད། ད་ནས་བཟུང་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་འོག་ཡོད་པ་སུའང་སྲིད་སྤྱིའི་འོས་འགྲན་ནང་ཞུགས་མི་ཆོག གལ་སྲིད་དགོས་དབང་གིས་ཞུགས་དགོས་བྱུང་ཚེ་གྲྭ་ཚང་གི་སྒྲིག་ཁོངས་ནས་རྩ་དགོངས་ཞུ་དགོས་པ་ཡིན། ཅི་སྟེ་གྲྭ་ཚང་ལ་མ་ཞུས་པར་ལས་དོན་དེ་རིགས་ལ་ཞུགས་ཚེ་གྲྭ་ཚང་ནས་རང་ཕུད་བྱས་པར་ངོས་འཛིན་གནང་རྒྱུའི་གྲོས་ཆོད་དུ་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱུང་ཡོད།

གསུམ། གྲྭ་ཚང་གི་ལམ་སྟོན་དང་འབྲེལ་བའི་གྲོས་ཆོད། རང་རེའི་སྒོ་མང་གྲྭ་ཚང་ལ་མཚོན་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་ལས་བཀའ་དྲིན་ཆེ་བ་གང་ཡང་མེད། དེར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་གཞི་མེད་སྐྱོན་བརྗོད་དང་མཚན་སྨད་བྱས་པའི་དཔང་རྟགས་དངོས་སུ་ར་སྤྲོད་བྱུང་ཚེ་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་གྲོས་ཆོད་དུ་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱུང་ཡོད་ཅེས་གསལ་འདུག་པ་མ་ཟད། སྒོ་མང་གྲྭ་ཚང་གིས་གོང་བརྗོད་གྲོས་ཆོད་ཁག་གསུམ་དང་འབྲེལ་བའི་ཤོག་ངོས་བཅོ་ལྔ་ཅན་གྱི་རྒྱབ་ལྗོངས་གནས་ཚུལ་བཅས་ཟུར་འདོན་གནང་འདུག

སྤྱིར་ཕྱི་ལོ་ ༢༠༢༠ ལོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུའི་ཐོག བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་དགེ་ལུགས་པའི་དགོན་སྡེ་ཡོངས་ལ་ཁྱབ་པའི་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་གནང་ཡོད་ལ། ལམ་སྟོན་ཡིག་ཆ་དེར་དོན་ཚན་བརྒྱད་ཡོད་པའི་ནང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཁག་ཚུལ་བཞིན་སྒྲུབ་མཁན་ཞིག་ལ་འོས་འཕེན་དགོས་པ། གཞུང་འབྲེལ་གྱི་ལས་འགུལ་མ་གཏོགས་གཞུང་འབྲེལ་མིན་པའི་ལས་འགུལ་ནང་གདན་སའི་དགེ་འདུན་པ་དང་སློབ་གཉེར་བ་རྣམ་པ་མཉམ་ཞུགས་མི་ཆོག་པའི་ཁར། ཆབ་སྲིད་ནང་ཞུགས་མཁན་ཚོས་གདན་ས་དང་བཤད་གྲྭ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་རིགས་གང་ཡང་སྤེལ་མི་ཆོག་པ། དེ་བཞིན། དྲིལ་བསྒྲགས་ཀྱི་ཆེད་དུ་གདན་ས་དང་བཤད་གྲྭ་ནས་གུང་གསེང་ཞུ་མི་ཆོག་པ། འོས་བསྡུའི་ལས་རིམ་དབུ་ཚུགས་པ་ནས་མཇུག་མ་བསྡུས་ཀྱི་བར་དུ་འོས་མི་ཚོས་འོས་ཐོབ་ཆེད་དངུལ་དངོས་ཀྱི་རྒྱབ་སྐྱོར་དངོས་སུ་བྱེད་མི་ཆོག་པ་དང་དགེ་འདུན་པ་ཚོས་ཆབ་སྲིད་དང་འབྲེལ་བའི་ལྐོག་རྔན་རིགས་རྩ་བ་ནས་ལེན་མི་ཆོག་པ། དགོན་པའི་འཛིན་སྐྱོང་དང་འབྲེལ་བའི་འགན་ཡོད་ལས་སྣེ་ཚོས་དགེ་འདུན་པ་བསྡུ་བསྐོང་གིས་ཆབ་སྲིད་མི་སྣ་བྱེ་བྲག་པར་ཁེ་ཕན་དང་གྱོང་གུད་འབྱུང་ཐབས་ཀྱི་བྱ་བའི་རིགས་རྩ་བ་ནས་མི་ཆོག་པ། གདན་ས་དང་བཤད་གྲྭ་ཚང་ཁག་གི་ལས་ཀྱི་སྣེ་མོ་བ་དང་སྡོམ་ལྡན་དགེ་འདུན་པ་སུས་ཀྱང་སྤྱི་ཚོགས་དྲ་ལམ་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་ཆབ་སྲིད་མི་སྣ་བྱེ་བྲག་པའམ་སྐྱེ་བོ་གཞན་སུ་ལ་ཡ་རབས་སྤྱོད་བཟང་བྲལ་བའི་ཆགས་སྡང་ཕྱོགས་རིས་འཐེན་འཁྱེར་གྱི་གཏམ་བཤད་སོགས་སྤེལ་ཆོག་གི་མི་འདུག

The post སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་། appeared first on བོད་ཀྱི་དུས་བབ།.

Original Article