ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཡིན་པའི་རྒྱ་ནག་ལ་སྐྱོན་བརྗོད།

4 months ago

རྒྱ་ནག་གིས་ཨ་རུ་ན་ཅལ་དེ་ཉིད་བོད་ལྷོ་ཕྱོགས་ཡིན་པའི་བདག་དབང་དང་། དེར་མིང་བསྒྱུར་སོགས་ཀྱི་བྱ་སྤྱོད་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པར། རྒྱ་དཀར་ནག་གཉིས་བར་མི་མཐུན་པའི་འབྱུང་རྐྱེན་གཙོ་གྲས་ཤིག་ཏུ་གྱུར་ཡོད་པའི་ཁྲོད། ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མིས་ས་ཁུལ་དེ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་ནན་བརྗོད་དང་འབྲེལ། བྷང་ལ་དྷེཤ་ལའང་ཉེན་བརྡ་བཏང་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ Tapir Gao ཏ་པིར་གའོ་ལགས་ཀྱིས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཟློག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ནན་བརྗོད་ཐོག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དེ་འབྲེལ་གསུངས་ཡོད་སྐོར་ལུང་འདྲེན་བྱས་འདུག་ཅིང་། ལྷག་པར་རྒྱ་ནག་བོད་ནས་ཕྱིར་ཐོན་དགོས་པའི་དུས་ཚོད་ཅིག་སླེབས་ངེས་ཡིན་པ་བརྗོད་འདུག

ད་དུང་བྷང་ལ་དྷེཤ་ངོས་ནས་སྲིད་བློན་མོ་དྷི་དབུ་ཁྲིད་པའི་རྒྱ་གར་ཐོག་གོ་དོན་ལོག་པར་འཛིན་རྒྱུ་མེད་པའི་ཉེན་བརྡ་དང་འབྲེལ། ཁྱིམ་མཚེས་རྒྱལ་ཁབ་ནས་རྒྱ་གར་བྱང་ཤར་ཕྱོགས་སུ་ས་ཁོངས་རྒྱ་སྐྱེད་བྱ་འདོད་ཡོད་པའི་གནད་དོན་ལ་སྐྱོན་བརྗོད་ཀྱིས། རྒྱ་གར་ནས་སྤྱི་ལེ་ ༢༢ ཙམ་གྱི་ Siliguri Corridor ཤི་ལི་གུ་རི་སྲང་ལམ་དེ་ཉིད་རྒྱ་སྐྱེད་དང་། དགོས་ངེས་བྱུང་ཚེ་བྷང་ལ་དྷེཤ་ལྷོ་ངོས་སུ་ཡོད་པའི་ Chittagong Hill  ཅིཏྟ་གོང་ས་ཁྱོན་དེ་ལེན་རྒྱུ་ནུས་པ་ཡོད་པར་ད་ལྟའི་ཆར་རྒྱ་གར་གང་ཡང་བྱེད་མ་ཐུབ་པ་མེད་ཅེས་ཉེན་བརྡ་བཏང་འདུག ལྷག་པར་རྒྱ་གར་ནང་དུ་ཁྲིམས་འགལ་ཐོག་འཛུལ་བའི་བྷང་ལ་དྷེཤ་དང་ Rohingya རཱོ་ཧིང་གིཡ་གནས་སྤོ་རྣམས་ཕྱིར་འབུད་གཏང་དགོས་ཤིང་། རྒྱ་གར་གཞུང་ནས་ཚད་ལྡན་གྱི་ཡིག་ཆ་མེད་པ་རྣམས་ཀྱི་ཐོག་ལ་ལག་བསྟར་ནན་པོ་བྱ་དགོས་པ་བརྗོད་འདུག

དེ་བཞིན་རྒྱ་གར་གྱི་གཞུང་ཚབ་མི་སྣ་ཟུར་པ་ KP Fabian ཀེ་པི་ཧྥ་བི་ཡཱན་ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་ནི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་ཀྱི་ཡོད་པ་དེ་ནི་ཡུན་རིང་རྒྱ་སྐྱེད་རིང་ལུགས་ཀྱི་བྱེད་བབ་ཞིག་ཡིན་པ་དེ་ལྟར་ཡང་། རྒྱ་གར་ངོས་ནས་པེ་ཅིང་དང་ལྷན་དུ་ཚོང་འབྲེལ་དང་མ་འཛུགས་སོགས་ཀྱི་བརྒྱུད་ནས་འབྲེལ་ལམ་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། ཨ་རིའི་ Pentagon བདེ་སྲུང་ལྷན་ཁང་གི་དཔྱད་ཞིབ་ལ་ལུང་འདྲེན་གྱིས། རྒྱ་ནག་གི་ངོས་ནས་ཨ་རུ་ན་ཅལ་དེ་ཉིད་བོད་ཀྱི་མཛུབ་མོ་ལྔའི་ཡ་གལ་ཞིག་ཏུ་ངོས་འཛིན་བྱེད་པ་དེ་བདེན་པ་ཡིན་སྐོར་བརྗོད་འདུག མ་ཟད་རྒྱ་ནག་གི་བྱེད་བབ་དེ་ནི་གནད་དོན་གསར་པ་ཞིག་མིན་པ་དེ་ལྟར་ཡང་། རྒྱ་གར་ནས་རྒྱ་ནག་གི་རྒྱ་སྐྱེད་སྲིད་བྱུས་དེ་ཡིད་ལ་འཇོག་དགོས་ཤིང་། རྒྱ་ནག་ནས་རྒྱ་གར་གྱི་ས་ཁྱོན་བདག་དབང་ལ་གུས་བརྩི་བྱེད་ཀྱི་མ་རེད་ཅེས་ནན་བརྗོད་བྱས་འདུག

པར་དབང་། Pema Khandu FB Page

རྒྱ་དཀར་ནག་དང་འབྲེལ་བའི་གནད་དོན་གཞན་ཞིག་ནི། བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་གསར་རྒྱག་དང་དེའི་མ་འོངས་པར་ཤུགས་རྐྱེན་ཇི་ཡོད་སྐོར་ཡིན་ཞིང་། དེར་གདོང་ལེན་ཆེད་དུ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བབ་སའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་འཕགས་བོད་མཐའ་མཚམས་སུ་ Siang Upper Multipurpose Project (SUMP) འམ་དགོས་པ་སྣ་ཚོགས་ལྡན་པའི་སི་ཡཱང་སྟོད་ཕྱོགས་ཀྱི་ལས་གཞི་ཞེས་པའི་འོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཞིག་འགོ་བརྩམ་འཆར་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་ཁ་སང་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྤྱི་ཚོགས་དྲ་རྒྱའི་སྟེང་ Dong དོང་ཡུལ་ཤོང་ནས་ཐད་གཏོང་ཐོག་ཨ་རུ་ན་ཅལ་མངའ་སྡེའི་གཞུང་དང་ Komkar ཀོམ་ཀར་གྲོང་གསེབ་གཉིས་བར་ Pre-Feasibility Report སྔོན་འགྲོའི་འཚོལ་ཞིབ་སྙན་ཐོ་ལག་བསྟར་བྱེད་ཕྱོགས་ཐད་བསམ་མཐུན་གྱན་རྒྱར་ས་རྟགས་བཀོད་པའི་དཔང་པོ་གནང་འདུག

པར་དབང་། Pema Khandu FB Page

རྩ་བའི་ཁུལ་དེར་གནས་སྡོད་བྱེད་མཁན་ཁྱིམ་ཚང་ ༢༥༧ ལས་བརྒྱ་ཆ་ ༩༥ སྟེ་ཁྱིམ་ཚང་ ༢༤༥ ནས་ Siang སི་ཡཱང་ཆུ་མཛོད་ཀྱི་ལས་གཞི་དེར་མོས་མཐུན་བྱུང་ཡོད་པ་དང་འབྲེལ་ནས། སྤྱི་ཁྱབ་བློན་ཆེན་མཆོག་གིས་དེ་ནི་རྒྱལ་ཁབ་ཀྱི་མངོན་འདོད་ཡིན་པར་ས་གནས་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

གཞི་རྩའི་རྒྱ་དཀར་ནག་གཉིས་བར་འཕགས་བོད་མཐའ་མཚམས་ཀྱི་རྙོག་དྲ་ཙམ་མིན་པར་བོད་ནང་ཆུ་མཛོད་སོགས་རང་འབྱུང་ཁོར་ཡུག་རྡོག་རོལ་གྱི་གནད་དོན་བརྒྱུད་ནས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཤུགས་རྐྱེན་རང་བཞིན་གྱི་ཐེབས་ཀྱི་ཡོད་པ་དང་། ལྷག་པར་བོད་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་ཙམ་མིན་པར་ཨེ་ཤི་ཡའི་ས་བབ་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་དུ་མས་བརྗོད་ཀྱི་ཡོད་པ་རེད།

Original Article