Voice of Tibet - Tibet Tribune

Voice of Tibet

༸གོང་ས་མཆོག་བྲོས་བྱོལ་ཕེབས་སའི་ལམ་ཐིག་རྗེས་འདེད་ཀྱིས་གོམ་བགྲོད་ཐེངས་གཉིས་པ་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་༸གོང་ས་མཆོག་གིས་དབུས་པའི་༸སྐུ་འཁོར་ལྷན་རྒྱས་ནོར་བུ་གླིང་ཁ་ནས་ཉིན་མཚན་ལྟོས་མེད་བྲོས་བྱོལ་ལ་ཆིབས་བསྒྱུར་གྱིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎིའི་ Ke-Dze-Mani བརྒྱུད་མོན་སྦས་ཡུལ་སྐྱིད་མོ་ལྗོངས་སུ་ཐེངས་དང་པོ་ཞབས་སོར་འཁོད་པའི་ཉིན་མོ་འཁེལ་གྱི་ཡོད་པ་ལྟར། ཁ་སང་མོན་པའི་དད་ལྡན་པ་ ༣༠༠ ལྷག་སྐས་འཛེགས་མ་ཎིར་མཉམ་འཛོམས་དང་འབྲེལ། ༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་ཉིད་དྲན་གསོ་ཞུ་ཆེད་སྐས་འཛེགས་མ་ཎི་ནས་མོན་རྟ་དབང་དབར་ Freedom Trail of His Holiness the 14th Dalai Lama ཞེས་པའི་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག དེ་ཡང་ས་གནས་ཀྱི་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྟ་དབང་རྫོང་གི་གོ་སྒྲིག་གནང་བའི་ཉིན་དྲུག་གི་གོམ་བགྲོད་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ་ལགས་དང་། རྟ་དབང་རྫོང་གི་སྤྱི་ཁྱབ་འགན་འཛིན་ Leki Gombu ལགས། རྟ་དབང་དགོན་པའི་མཁན་པོ་དང་ལུང་གླ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་གཙོས་པའི་མོན་པའི་སྐྱ་སེར་ཕོ་མོ་ ༣༠༠ ཙམ་མཉམ་ཞུགས་གནང་བ་དང་འབྲེལ། གོམ་བགྲོད་པ་རྣམས་ཀྱིས་ཕྱག་ཏུ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། ནང་པའི་ཆོས་དར་སོགས་བསྣམས་ཏེ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་འདེབས་སྨོན་ལམ་འདོན་པ་དང་སྦྲགས་ལས་འགུལ་དབུ་འཛུགས་ཀྱིས། ཁ་སང་ཉིན་དང་པོར་ཆུ་དྭངས་མོ་བར་སྤྱི་ལེ་གསུམ་གྱི་གོམ་བགྲོད་གནང་འདུག མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ་ལགས་ཀྱིས་སྐབས་དེར་༸གོང་ས་མཆོག་མོན་ཡུལ་བརྒྱུད་རྒྱ་གར་ལ་ཐེངས་དང་པོ་ཞབས་སོར་འཁོད་སྐབས་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡིན་ཀྱང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་ད་ཆ་མཐུན་སྒྲིལ་དང་དྲན་གསོ། རིག་གཞུང་གི་སྤོབས་པ་བཅས་ཀྱི་མཚོན་རྟགས་སུ་གྱུར་ཡོད་སྐོར་གསུངས་པ་དང་ཆབས་ཅིག...

རྒྱ་གར་ནང་སང་ཉིན་ནས་བཟུང་རྒྱ་ནག་གིས་བཟོས་པའི་སོ་ལྟའི་བརྙན་མིག་ཉོ་ཚོང་བཀག་སྡོམ་བྱ་རྒྱུ་རེད་འདུག

སང་ཉིན་ཕྱི་ཚེས་ ༡ ནས་བཟུང་རྒྱ་གར་གྱི་ཐོན་རྫས་བདེ་འཇགས་གྱི་སྒྲིག་གཞི་གསར་པ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་འབྲེལ། རྒྱ་ནག་གིས་བཟོས་པའི་དྲྭ་རྒྱ་དང་འབྲེལ་བའི་བདེ་འཇགས་བརྙན་ལེན་འཕྲུལ་ཆས་དང་སོ་ལྟའི་བརྙན་མིག་ཐོན་རྫས་སོགས་རྒྱ་གར་དུ་ཉོ་ཚོང་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད་འདུག དེ་ཡང་བརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། སང་ཉིན་ནས་རྒྱ་གར་ནང་རྒྱ་ནག་གིས་བཟོས་པའི་ Hikvision དང་། Dahua དེ་བཞིན་ TP-Link སོགས་ཀྱི་བརྙན་ལེན་འཕྲུལ་ཆས་རྣམས་ཚོང་འགྲེམ་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གི་ Chipsets བཀོལ་སྤྱོད་བྱེད་མཁན་གྱི་ཐོན་རྫས་ལའང་བདེ་འཇགས་ལག་འཁྱེར་སྤྲོད་རྒྱུར་ཁ་གསལ་པོའི་ཐོག་ནས་ངོས་ལེན་བྱ་རྒྱུ་མིན་པས་དོན་དངོས་ཐོག་རྒྱ་ནག་གི་བཟོ་གྲྭ་དེ་དག་རྒྱ་གར་གྱི་ཁྲོམ་རའི་ཕྱི་རུ་ཕུད་པ་ཞིག་ཆགས་ཡོད་སྐོར་འཁོད་འདུག སྤྱིར་ད་ཐེངས་ཀྱི་བཀག་སྡོམ་དེ་བཞིན་ Ministry of Electronics and Information Technology of India ཞེས་རྒྱ་གར་གྱི་གློག་རྡུལ་དང་ཆ་འཕྲིན་འཕྲུལ་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༤ པར་ངོ་སྤྲོད་བྱས་པའི་བདེ་འཇགས་དགོས་མཁོའི་ཚད་གཞི་ལས་བྱུང་བ་ཞིག་ཡིན་པ་དང་། བརྙན་འཕྲིན་ལྟ་ཞིབ་ཡོ་ཆས་ཀྱི་སྒྲིག་གཞི་ལྟར་ན། བཟོ་བསྐྲུན་པ་རྣམས་ཀྱིས་ System-on-Chip ལྟ་བུའི་གལ་གནད་ཅན་གྱི་མ་ལག་རྣམས་ཀྱི་རྒྱལ་ཁབ་མངོན་གསལ་བྱ་དགོས་པ་དང་། རྒྱ་ནག་ནས་ཡིན་ན་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད་འདུག རྩ་བའི་ད་ལྟའི་ཆར་རྒྱ་གར་གྱི་བརྙན་ལེན་འཕྲུལ་ཆས་ཁྲོམ་ར་དེ་ཨ་སྒོར་ཐེར་འབུམ་ ༥ ནས་ ༧ དང་ཕྱེད་ཀ་བར་ཡོད་པར་ཚོད་དཔག་བྱེད་བཞིན་པ་དང་།...

རྩ་མཆོག་གྲོང་ནང་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས།

རྒྱ་གར་དབུས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གོ་སྒྲིག་འོག་དེ་རིང་ཕྱི་ཚེས་ ༣༡ ནས་ཉིན་གྲངས་གསུམ་རིང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་སའི་ས་ཚིགས་རྩ་མཆོག་གྲོང་ཁུལ་དུ་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་གནང་ཡོད་པ་ལྟར། ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་སྡེ་ཁག་སོ་སོའི་དབུ་འཛིན་མཚོན་པའི་ཕྱི་རྒྱལ་གྱི་མཐོ་རིམ་དཔོན་རིགས་ ༢༠༠ ལྷག་དང་དགེ་འདུན་པ་ ༢༠༠༠ ཙམ་ནས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག དེའང་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་ཚོགས་ཆེན་དང་འབྲེལ་ས་གནས་རྫོང་དཔོན་དང་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་གཉིས་ཀྱིས་ཁ་སང་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་ཡོད་པའི་ཐོག ཉིན་གསུམ་རིང་གི་ལྷན་ཚོགས་དེའི་ཐོག་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་ Yogi Aditya Nath མཆོག་དབུས་པའི་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་སྡེ་ཁག་སོ་སོའི་དབུ་འཛིན། དེ་བཞིན་ཕྱི་རྒྱལ་གྱི་མཐོ་རིམ་དཔོན་རིགས་ ༢༠༠ ལྷག་དང་དགེ་འདུན་པ་ ༢༠༠༠ ཙམ་ནས་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། ཚོགས་ཆེན་དེའི་ཐོག་གཙོ་བོ་ནང་པའི་ལྟ་གྲུབ་ཀྱིས་སྤྱི་ཚོགས་མཐུན་སྒྲིལ་དང་རྒྱལ་སྤྱིའི་འབྲེལ་ལམ་ཡར་རྒྱས་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པ་དེར་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་གཙོས་དེང་སྐབས་འཛམ་གླིང་ཡོངས་སུ་མིའི་རིགས་ལ་འགལ་ཟླ་དང་། འདྲ་མཉམ་མེད་པ། ཁོར་ཡུག་ཉམས་རྒུད། སེམས་ཀྱི་སྡུག་བསྔལ་མང་དུ་ཕྱིན་པ་སོགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་ཁྲོད་སངས་རྒྱས་པའི་ཆོས་ཀྱི་གཞི་རྩའི་རིན་ཐང་རྣམས་དེང་གི་དུས་སུ་ཇི་ལྟར་སྐུལ་མ་དང་ལམ་སྟོན་དུ་འགྱུར་ཐུབ་མིན་ཐད་གྲོས་མོལ་གནང་རྒྱུ་ཡིན་པ་རེད་འདུག མ་ཟད། རྒྱ་གར་དབུས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་དེའི་དམིགས་ཡུལ་ནི། རྒྱལ་སྤྱིའི་ཁྲོད་ཀྱི་ནང་པའི་རྒྱལ་ཁབ་ཁག་གི་དབར་མཐུན་འབྲེལ་ཟབ་ཏུ་ཡོང་ཐབས་གཙོས་སྟོན་པ་བཅོམ་ལྡན་འདས་ཀྱི་ལམ་སྟོན་གཞིར་བཟུང་། རྒྱ་གར་གཞུང་གི་ངོས་ནས་འཛམ་གླིང་ནང་ཞི་བདེ་མཉམ་གནས་ཡོང་ཐབས་སུ་འབད་བརྩོན་ལྷོད་མེད་ཞུ་རྒྱུ་དང་ཆབས་ཅིག ལྷག་པར་རྩ་མཆོག་གྲོང་ཁུལ་དུ་འདི་ལྟ་བུའི་ནང་པའི་ལྷན་ཚོགས་གོ་སྒྲིག་ཞུས་པ་དེས་ས་གནས་དེར་ནང་པའི་ཡུལ་སྐོར་སྤྲོ་འཆམ་དར་སྤེལ་དང་། མ་འཇོག་འགུག་པ། དེ་བཞིན་ས་གནས་ཡུལ་མིའི་ལས་ཀའི་གོ་སྐབས་གོང་འཕེལ་གཏོང་རྒྱུར་དམིགས་ཡོད་པ་གསུངས་འདུག དེ་བཞིན་ད་ཆ་རྒྱ་གར་གྱིས་རྒྱལ་སྤྱིའི་ནང་པའི་མཁས་དབང་ཁག་གདན་ཞུ་བྱས་ཏེ་ནང་དོན་རིག་པར་སློབ་གཉེར་གྱི་ཐད་ནས་ཚོགས་འདུ་སྐོང་དགོས་བ་ནི་དུས་ལ་བབས་པའི་གནད་དོན་ཞིག་ཡིན་པར་བརྗོད་དེ། རྒྱ་གར་དབུས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་ལོ་ལྟར་རྩ་མཆོག་གྲོང་ཁུལ་དུ་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་ཚོགས་ཆེན་གོ་སྒྲིག་གནང་རྒྱུ་ཡིན་པ་དང་། ལྷག་པར་ཉིན་གྲངས་ལྔ་བར་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་འདུག་པ་མ་ཟད། མཉམ་ཞུགས་པ་རྣམས་ལ་ནང་པའི་གནས་ཆེན་ཁག་དང་རྩ་མཆོག་གྲོང་གི་གནམ་ཐང་སོགས་ལ་ལྟ་སྐོར་བྱ་རྒྱུའི་གོ་སྐབས་ཀྱང་སྤྲོད་རྒྱུ་རེད་འདུག རྩ་བའི་ཉིན་གསུམ་གྱི་ཚོགས་ཆེན་དེའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་སྤྱི་ཚོགས་ནང་འཕྲད་བཞིན་པའི་དེང་དུས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་ཐུབ་ཐབས་དང་། ལྷག་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་དར་བཞིན་པའི་སྲོལ་རྒྱུན་དང་། ལག་ལེན། ཡིད་ཆེས་འདྲ་མིན་དབར་མཐུན་སྦྱོར་གྱི་འབྲེལ་བ་འཛུགས་ཐབས་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་ཆབས་ཅིག དགེ་འདུན་པ་རྣམས་ནས་འཛམ་གླིང་ཞི་བདེ་ཡོང་ཕྱིར་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་རིམ་བསྐྱང་རྒྱུ་ཡིན་པ་རེད་འདུག...

༸གོང་ས་མཆོག་གིས་འཛམ་གླིང་ཁྲོད་འཁྲུག་རྩོད་དང་དྲག་སྤྱོད་དེ་དག་གྲོས་མོལ་ལམ་ནས་སེལ་དགོས་པའི་ལམ་སྟོན་སྩལ་བ།

དེ་རིང་ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་གྱི་ཞི་བའི་བརྡ་ལན་ལ་རྒྱབ་སྐྱོར་དང་འབྲེལ། འཛམ་གླིང་དཀྱིལ་ཤར་གཙོས་པའི་ཨུ་རུ་སུ་དང་ཡུཀ་རེན་བར་གྱི་འཁྲུག་རྩོད་དང་དྲག་སྤྱོད་དེ་དག་གྲོས་མོལ་དང་རྒྱལ་འབྲེལ། ཕན་ཚུན་གུས་བརྩིའི་ལམ་ནས་སེལ་དགོས་ལམ་སྟོན་སྩལ་འདུག དེ་ཡང་ཁ་ཉིན་རེས་གཟའ་ཉི་མའི་ཉིན་མོ་དེ་ནི་ཡེ་ཤུའི་མཱ་ཤི་ཀ་ Jerusalem ཇི་རུ་ས་ལམ་ནང་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འཁེལ་གྱི་ཡོད་པ་དང་བསྟུན། ཨི་ཊ་ལི་ནང་དུ་རྟེན་གཞི་བྱས་པའི་ St. Peter’s Square ནང་དུ་ Palm Sunday Mass དུས་ཆེན་སྲུང་བརྩི་སྐབས་ཡེ་ཤུའི་བླ་ཆེན་ Pope Leo བཅུ་བཞི་པ་མཆོག་གིས་ཡེ་ཤུ་མཱ་ཤི་ཀ་ནི་ཞི་བདེའི་རྒྱལ་པོ་ལྟ་བུ་ཡིན་པ་དང་། དམག་འཁྲུག་ལ་ངོས་ལེན་གནང་གི་མེད་ཅེས་ནན་བརྗོད་ཐོག ཕན་ཚུན་སྤུན་མཆེད་ཀྱི་འདུ་ཤེས་དྲན་དགོས་གལ་ཡིན་པ་སོགས་གསུངས་འདུག གནད་དོན་དེ་དང་འབྲེལ་ནས་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཅིག་སྩལ་བའི་ནང་། ཡེ་ཤུའི་ཆོས་དཔོན་ཁོང་གིས་གོ་མཚོན་དང་གནོད་འཚེ་སྤོང་དགོས་པའི་ལམ་སྟོན་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་ཐུགས་དགོངས་དང་མཐུན་གྱི་ཡོད་པ་མ་ཟད། ཆོས་ལུགས་ཆེ་ཁག་ཚང་མས་བསླབ་བྱ་སྙིང་དོན་དེ་ཡིན་པ་བཀའ་སྩལ་འདུག ད་དུང་༸གོང་ས་མཆོག་གིས་ཡེ་ཤུ་དང་ནང་ཆོས། ཁ་ཆེ། ཧིན་རྡུ། འཇིའུ་སོགས་འཛམ་གླིང་གི་ཆོས་ལུགས་ཚང་མས་དོན་དམ་པའི་ཐོག་ལ་བྱམས་པ་དང་སྙིང་རྗེ། བཟོད་སྒོམ། དེ་བཞིན་རང་ཁྲིམས་རང་སྲུང་གི་གཞི་རྩའི་བསླབ་བྱ་བསྟན་གྱི་ཡོད་པ་གཅིག་མཚུངས་ཡིན་ཞིང་། བསླབ་བྱ་དེ་དག་གཞན་ལ་གནོད་འཚེ་དང་བྲལ་བ་ཞིག་ཡིན་པ་མ་ཟད། འཚེ་བས་འཚེ་བ་འཕེལ་བར་བྱེད་ཀྱི་ཡོད་སྟབས། ཡུན་གནས་ཀྱི་ཞི་བདེ་ཡོང་རྒྱུའི་ཐབས་ལམ་ཞིག་མིན་པ་འདས་པའི་ལོ་རྒྱུས་ཐོག་ནས་ཡང་ཡང་ར་སྤྲོད་བྱུང་ཡོད་པ་བཀའ་ནན་སྩལ་འདུག ལྷག་པར་ད་ལྟའི་ཆར་འཛམ་གླིང་དཀྱིལ་ཤར་མཚོན་པའི་ཨུ་རུ་སུ་དང་ཡུཀ་རེན་བར་གྱི་རྩོད་རྙོག་དེ་དག་ཕན་ཚུན་སྤུན་མཆེད་ཀྱི་འདུ་ཤེས་ཟབ་མོའི་འོག་ནས་གྲོས་མོལ་དང་རྒྱལ་འབྲེལ་ཐབས་བྱུས། ཕན་ཚུན་གུས་བརྩི་ལ་གཞི་བཞག་སྟེ། སེལ་དགོས་པའི་ལམ་སྟོན་དང་འབྲེལ། དམག་འཁྲུག་དང་འཚེ་བ་མྱུར་དུ་ཞི་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག རྩ་བའི་ཨུ་རུ་སུ་དང་ཡུཀ་རེན་བར་གྱི་དམག་འཁྲུག་དེ་ནི་ཕྱི་ལོ་...

ཧིན་སྒོར་ས་ཡ་ ༣༤༠༨ ལྷག་གི་སྔོན་རྩིས་མ་དངུལ་གཏན་འབེབས་དང་སྦྲགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་མཐའ་མ་མཇུག་བསྒྲིལ།

དེ་རིང་ཕྱི་ཟླ་ ༣ པའི་ཚེས་ ༣༠ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦-༢༠༢༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགོད་དངུལ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་ཙམ་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་མཇུག་བསྒྲིལ་གནང་སོང་། རྩ་བའི་དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའམ་ཚོགས་དུས་མཐའ་མའི་ཐོག ༸སྐུའི་གཅུང་པོ་དམ་པ་སྤྱི་ཟུར་མངའ་རིས་རིན་པོ་ཆེ་མཆོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། ལྷག་པར་རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཞེས་པའི་ངོ་རྒོལ་གྱིས་གཞུང་འབྲེལ་གྲོས་ཆོད་བཅས་གཏན་འབེབས་གནང་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚད་ལྡན་གཅིག་གྱུར་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་གཙོས་པའི་ཁྲིམས་བཟོའི་ལས་དོན་ཁག་གཅིག དེ་བཞིན་༸རྒྱལ་བའི་གོ་སྟོན་དང་བསྟུན་ནས་ཕྱག་དེབ་གཉིས་ཕྱོགས་སྒྲིག་དང་འབྲེལ་བའི་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་སོགས་གནང་ཡོད་པ་རེད། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་མཇུག་བསྒྲིལ་བ་དང་འབྲེལ་དེ་རིང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གསུང་བཤད་ཁྲོད། འདས་པའི་ལོ་ལྔའི་རིང་གི་ཕྱོགས་བསྡོམས་ལས་དོན་སྙན་སྒྲོན་གནང་བ་དང་འབྲེལ། བོད་ཀྱི་བདེན་པའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་གནང་དགོས་པ་དང་། དེ་ཡང་ཕན་ཚན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐུབ་རྒྱུ་ནི་ཐབས་ལམ་ཉག་གཅིག་ཁོ་ན་ཡིན་པ་སོགས་དྲན་སྐུལ་གནང་སོང་། ཐེངས་འདིའི་གྲོས་ཚོགས་ཐོག་ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་འཇོག་སྲོལ་ཡོད་པའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ཐོག་ལ་ཉེ་ཆར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་གཏན་བེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་དུས་ནམ་ཡང་མོས་མཐུན་ཞུ་མ་ཐུབ་པ་དང་འབྲེལ་བའི་འཛིན་སྐྱོང་བཀའ་ཤག་གི་བསྣམས་ཕེབས་པའི་གྲོས་ཆོད་གྲོས་འཆར་གཏན་བེབས་གནང་ཐུབ་པ། དེ་བཞིན་ད་རེས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་ནས་སྒྲིག་གཞི་གཏན་འབེབས་གནང་ཐུབ་པ་དེ་དག་གིས་རྒྱ་ནག་ནས་བོད་ནང་ལག་ལེན་བསྟར་བཞིན་པའི་དྲག་གནོན་དང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་རྣམས་ལ་གདོང་ལེན་གྱི་བརྡ་ལན་ནན་པོ་ཞིག་ཆགས་ཐུབ་པར་ངོས་འཛིན་གནང་བཞིན་ཡོད་པ་གསུངས་སོང་། ལྷག་པར་དུ་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་འདི་མང་བ་གཞན་རྟེན་ཁོ་ན་ཆགས་བསྡད་ཡོད་པ་དང་འབྲེལ། འཛིན་སྐྱོང་བཀའ་ཤག་དང་ལས་ཁུངས་ཁག་གི་ལས་དོན་རྣམས་ལག་བསྟར་སྐབས་སྲིད་ཚགས་ཀྱི་རྣམ་པའི་ཐོག་ནས་དོན་ཕན་ལྡན་པའི་ལག་ལེན་བསྟར་དགོས་གལ་ཡིན་པའི་ལམ་སྟོན་གནང་སོང་། གང་ལྟར་དེ་རིང་སྤྱི་འཐུས་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦-༢༠༢༧...

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེའི་འདས་མཆོད་སྐབས་དམ་དྲག

ཕྱི་ཟླ་ ༣ པའི་ཚེས་ ༢༧ ནས་ ༣༠ བར་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་དུ། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་འདས་མཆོད་སྨོན་ལམ་འཚོགས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་དམ་དྲག་ཤུགས་ཆེན་བྱས་རྐྱེན་འདས་མཆོད་སྨོན་ལམ་ལ་བར་ཆད་ཆེན་པོ་བྱུང་འདུག འདི་ག་གསར་ཁང་ལ་འབྲེལ་ཡོད་ཞིག་གིས་གསུངས་པ་ལྟར་ན། འདས་མཆོད་སྨོན་ལམ་འགོ་བཙུགས་པ་ནས་བཟུང་ས་གནས་ཡུལ་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དོགས་ཟོན་ནན་མོ་བྱས་ཡོད་པ་དང་། ས་གནས་གཞན་ནས་འདས་མཆོད་ལ་མཉམ་ཞུགས་བྱེད་མཁན་མང་ཚོགས་དང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སློབ་མ་མང་ཆེ་བ་ས་གནས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག ད་དུང་དགེ་འདུན་པ་སྐོར་ཅིག་ལ་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ནས་རྡུང་རྡེག་བཏང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་། བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་ལྟར་ན། དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་བཙན་ཁྲིད་བྱས་ཏེ་འགྲམ་ལྕག་གཞུས་ནས་གཅར་རྡུང་བྱས་ཡོད་པ་མ་ཟད། ཁོང་གི་གྲྭ་ཤག་གི་ཅ་དངོས་མང་པོ་ཞིག་གཏོར་བརླག་བཏང་བ་དང་། ཁ་པར་དང་གློག་ཀླད་སོགས་བཙན་འཕྲོག་གིས་བསྔོག་བཤེར་བྱས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་ཉར་ཚགས་བྱས་ཡོད་པ་ལག་སོན་བྱུང་འདུག་ལ། ཁོང་གི་གྲྭ་ཤག་གི་ཕྱི་ནང་གཉིས་ལའང་སྔོག་བཤེར་ནན་པོ་བྱས་ཡོད་འདུག ཁོང་ཉུང་མཐར་ཡང་ཟླ་བ་གཅིག་ལྷག་བཀག་ཉར་བྱ་རྒྱུ་དང་། གཅིག་བྱས་ན་དེ་ལས་མང་བ་བཀག་ཉར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པས་སེམས་འཁུར་ཆེན་པོ་བྱེད་བཞིན་ཡོད་སྐོར་འཁོད་འདུག The post མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེའི་འདས་མཆོད་སྐབས་དམ་དྲག appeared first on vot.

ཅེག་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བསྐྱར་ནན་གནང་འདུག

ཉེ་ལམ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཉིན་གསུམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཡོད་པ་དང་། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་ཡུལ་དེའི་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་བརྒྱུད་བོད་དོན་དང་འབྲེལ་བའི་གནད་དོན་གཙོ་བོ་ཁག་དང་། མ་འོངས་པར་ཞིབ་འཇུག་མཉམ་ལས་བྱ་རྒྱུའི་ནུས་པའི་སྐོར་སོགས་གྲོས་མོལ་གནང་ཡོད་པ་མ་ཟད། ཅེག་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་ཐུབ་པ་བྱུང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་ལས་དོན་གལ་ཆེ་ཤོས་ཤིག་ནི། ཅེག་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་བ་དེ་ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ པའི་ནང་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུ་གནང་བའི་རྗེས་སུ་བོད་དོན་ལས་འགུལ་ནང་གཞེན་སྐུལ་དང་དམ་བཅའ་གསར་པ་ཞིག་བཞག་པའི་མཚོན་རྟགས་ཡིན་པ་གསུངས་འདུག ཐེངས་འདིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མང་པོས་མཉམ་ཞུགས་དང་རྒྱབ་སྐྱོར་གནང་བ་དང་། དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། དྲང་བདེན་བཅས་ཀྱི་གཞི་རྩའི་ལམ་ལུགས་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་བའི་རྣམ་པ་གསལ་པོར་བཏོན་ཡོད་པ་མ་ཟད། སྲིད་དོན་གྱི་ལྟ་བ་མི་འདྲ་བའི་འཐུས་མི་རྣམས་འདི་ལྟར་གཅིག་ཏུ་བསྒྲིལ་བ་དེས་བོད་དོན་ཐོག་བཟང་སྤྱོད་ཀྱི་འགན་འཁྲི་ཟབ་མོ་ཡོད་པ་མཚོན་གྱི་ཡོད་སྐོར་འཁོད་འདུག དེ་བཞིན་གལ་ཆེའི་གོམ་པ་འདིའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་པ་ལྡན་པའི་བརྡ་ལན་ཞིག་སྤྲད་ཡོད་ཅིང་། དེ་ནི་དེང་གི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ནང་དུའང་ཅེག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བདེན་པ་དང་། དྲང་བདེན། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བ་མཚོན་གྱི་ཡོད་པ་དང་། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བསྐྱར་གསོ་གནང་བ་དེས་སྲིད་དོན་གྱི་གདུང་སེམས་མཉམ་སྐྱེད་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་བོད་མིའི་ཐོབ་ཐང་དང་རང་དབང་ལ་མུ་མཐུད་ཞུ་གཏུག་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་མཚོན་གྱི་ཡོད་པ་དང་། དེས་དྲང་བདེན་འཚོལ་མཁན་རྣམས་ཀྱི་ནུས་པ་སྤེལ་བའི་ཐོག འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་འདི་ནི་ཀུན་ལ་ཁྱབ་པའི་སྤྱི་ཡོངས་ཀྱི་འགན་འཁྲི་ཞིག་ཡིན་པ་འཛམ་གླིང་ལ་དྲན་སྐུལ་བྱས་ཡོད་ཅེས་གསལ་སྟོན་གནང་འདུག རྩ་བའི་འདི་ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་།...

ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྒྱ་གར་དུ་ཕྱིར་ལོག་གནང་འདོད་ཡོད་མཁན་ཚོར་ནང་སྲིད་ལས་ཁུངས་ནས་མཐུན་རྐྱེན་སྦྱར་དགོས་པའི་སྐུལ་འདེབས།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༡༢ པའི་ཐོག ནང་སྲིད་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་མུ་མཐུད་ཕེབས་པའི་ཁྲོད། གཞིས་སྤོས་ཀྱི་ལས་གཞི་གང་ལེགས་བྱུང་བར་སྤྱི་འཐུས་མང་ཆེ་བས་བསྔགས་བརྗོད་ཞུས་པ་དང་འབྲེལ། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཁག་གཅིག་མི་ཚེའི་མཐའ་འཇུག་དེ་ཚུར་རྒྱ་གར་ནང་སྐྱེལ་འདོད་ཡོད་པ་དང་འབྲེལ་ནས་གནས་སྤོ་བྱེད་འདོད་ཡོད་མཁན་མང་པོ་ཞིག་ཡོད་པ་དེ་དག་ལ་ནང་སྲིད་ལས་ཁུངས་ནས་ཀྱང་མཐུན་རྐྱེན་ཞིག་བསྐྲུན་དགོས་པའི་སྐུལ་འདེབས་ཞུས་གནང་སོང་། དེ་ཡང་སྤྱི་འཐུས་ལྷན་ཚོགས་སུ་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་གྲོས་ཚོགས་འགོ་བཙུགས་མ་ཐག་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་པའི་ཁྲོད། སྤྱི་འཐུས་མང་དག་ཅིག་གིས་བོད་མིའི་གཞིས་སྤོས་ལས་གཞིའི་འགྲོ་ལུགས་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་དུ་བོད་ནས་རྗེས་འབྱོར་བ་མང་པོ་ཞིག་ལ་སྡོད་ཁང་གི་ཆ་རྐྱེན་བསྐྲུན་ཐུབ་པར་བསྔགས་བརྗོད་ཞུ་མཁན་བྱུང་སོང་ལ། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་དེ་སྔ་ཕྱི་རྒྱལ་དུ་ཕེབས་རྗེས་ད་ལྟ་སོ་སོའི་མི་ཚེའི་མཐའ་འཇུག་ཏུ་རྒྱ་གར་དུ་རང་གི་སྤྱི་ཚོགས་དང་དགོན་སྡེ་ཁག་གི་འགྲམ་དུ་བཅའ་སྡོད་བྱེད་རྒྱུའི་འདོད་པ་ཡོད་མཁན་མང་པོ་ཡོང་བཞིན་ཡོད་སྐོར་དང་འབྲེལ། དེ་དག་གི་ཐོག་ལ་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་གནང་རྒྱུའི་སྐུལ་འདེབས་གནང་བར། ནང་སྲིད་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱིར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱིར་སྡོད་བོད་མི་རྣམས་ལ་ OCI ཡིག་ཆ་རག་ཐབས་ཐོག་འབད་བརྩོན་གནང་མུས་ཡིན་ཡང་དེ་དག་གཞན་དབང་སྟབས་བསྟུན་ཡིན་པ་ལྟར་ངེས་གཏན་ཐོག་གང་ཡང་གསུང་ཐུབ་ཀྱི་མེད་པ་ལས། ཕྱིར་སྡོད་བོད་མི་ཞིག་གིས་གཞིས་ཆགས་ཁག་ནང་ཁང་པ་ཉོ་བ་དང་གསར་རྒྱག་བྱེད་པ་སོགས་ཆོག་གི་མེད་པ་དེ་ལྟར་ཡང་། ཚོགས་སྒེར་ཁག་གཅིག་ནས་དེའི་ཐོག་ཐབས་ཤེས་སྟོན་བཞིན་ཡོད་པ་གསུངས་སོང་། དེ་བཞིན་དེ་རིང་གི་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་དང་མཉམ་འབྲེལ་དང་ས་གནས་འགོ་འཛིན་དབར་གྱི་འབྲེལ་བ་ཡག་པོ་དགོས་པ། དེ་སྔ་ Bandara མཉམ་ལས་ཀྱི་རྙོག་གླེང་གི་གནས་སྟངས། དེ་བཞིན་འདས་པའི་ལོ་མང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འབྲས་ལྗོངས་དང་རྡ་རམ་ས་ལའི་བོད་ཀྱི་གསོལ་སྒྲོན་ཁང་དེ་གཉིས་སྤྱི་མཐུན་མཉམ་འབྲེལ་ལ་གླ་ཆ་ཉུང་ཉུང་ཐོག་བོག་མ་བཏང་ཡོད་པ་དེ་དག་ཡག་པོ་ཡོང་ཐུབ་ཀྱི་མེད་པ་སོགས་དང་འབྲེལ་ནས་དགོངས་འཆར་དང་དྲི་བ་བཏང་མཁན་བྱུང་བར། སྲིད་སྐྱོང་མཆོག་གིས་རྩ་བའི་ས་ཁག་འདྲ་མིན་གྱི་མཉམ་འབྲེལ་གྱི་གནས་སྟངས་མི་འདྲ་བ་ཡོད་པ་དང་། ད་ལྟའི་ཆར་ Mainpat མཉམ་འབྲེལ་འདི་མི་མང་གི་མ་རྩ་ཆེ་ཤོས་བཙུགས་པའི་མཉམ་འབྲེལ་ཞིག་ཆགས་ཡོད་པ། དེ་བཞིན་ Bandara རྙོག་གླེང་ནང་ཚུད་པའི་མི་དེ་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཏེ་ཞིབ་དཔྱོད་བྱེད་དཀའ་བ་སོགས་ཀྱི་གནས་སྟངས་ངོ་སྤྲོད་དང་སྦྲགས། སྤྱིར་མཉམ་འབྲེལ་སོགས་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་ནོར་འཁྲུལ་ཆེ་ཤོས་དེ་སྟངས་འཛིན་ཡག་པོ་མེད་པའི་རྐྱེན་གྱི་དཀའ་ངལ་ཆགས་ཀྱི་ཡོད་པ་ལྟར། སྒྲིག་འཛུགས་ཚང་མའི་ངོས་ནས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་ཁྲིམས་མཐུན་ཚད་ལྡན་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་། དེ་བཞིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་ཁྲོད། ན་གཞོན་ལས་མེད་རོགས་སྐྱོར་ལས་གཞི་དང་ནང་སྲིད་ཁྱབ་ཁོངས་གཞིས་ཆགས་ཁག་ཏུ་སོ་ནམ་འདེབས་ལས་དང་འབྲེལ་ནས་ག་སྨུག་འདེབས་ལས་ཀྱི་ས་འོག་གི་འཐུང་ཆུ་འབག་བཙོག་འགྲོ་བཞིན་པ། དེ་བཞིན་ལོ་ལྟར་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་...

༸གོང་ས་མཆོག་གིས་ Dame Sarah Mullally མཆོག་ཡི་ཤུའི་ཆོས་དཔོན་ཆེན་མོ་ ༡༠༦ པར་ཁྲི་འདོན་མཛད་པར་འཚམས་འདྲི།

ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་ Dame Sarah Mullally མཆོག་ Archbishop of Canterbury འམ་ཡི་ཤུའི་ཆོས་དཔོན་ཆེན་མོ་ ༡༠༦ པར་ཁྲི་འདོན་མཛད་པ་དང་།  ཁོང་ནི་ལོ་ངོ་ ༡༤༠༠ ལྷག་གི་ལོ་རྒྱུས་ནང་ Canterbury ཆོས་དཔོན་གྱི་མཛད་འཁུར་བཞེས་མཁན་བུད་མེད་ཐོག་མ་དེ་ཡིན་པ་ལྟར། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དཔོན་མཆོག་ལ་དམིགས་བསལ་འཚམས་འདྲི་མཛད་པ་དང་འབྲེལ། ཁོང་ཆོས་དཔོན་གྱི་གོ་གནས་དེའི་ཐོག་བསྐོ་བཞག་བྱུང་བ་དེ་ནི་རེ་བའི་འོད་སྣང་ཞིག་ཡིན་པ་བཀའ་སྩལ་འདུག Dame Sarah Mullally མཆོག་ནི་ཕྱི་ལོ་ ༢༠༡༨ ནས་བཟུང་ལོན་ཌོན་གྱི་ཆོས་དཔོན་དང་། དེའི་སྔོན་ལ་ལོ་མང་རིང་སྨན་ཞབས་པའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ༸གོང་ས་མཆོག་གིས་དེ་རིང་ཆོས་དཔོན་དེ་ཉིད་ལ་མཛད་པའི་འཚམས་འདྲའི་གསུང་འཕྲིན་ནང་། དེང་སྐབས་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེ་དག་ནི་གཞི་རྩའི་འགྲོ་བ་མིའི་རིན་ཐང་ལ་ཚོད་བགམ་བྱེད་པའི་དུས་སྐབས་ཤིག་ཡིན་པར་བཀའ་སྩལ་བ་དང་འབྲེལ།  རིན་ཐང་འདི་དག་བསྐྱར་གསོ་དང་དེ་དག་ཐོག་རྒྱ་ཆེ་ས་ནས་དོ་སྣང་ཡོང་བར་བྱ་རྒྱུ་ནི་མགོན་པོ་༸གང་ཉིད་མཆོག་ཆོས་ལུགས་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་འགན་འཁྲི་དམིགས་བསལ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་མ་ཟད།  འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མས་སྙིང་རྗེ་དང་། བཟོད་སྒོམ། ཚུལ་ཁྲིམས། ཆོག་ཤེས་བཅས་ཀྱི་བསླབ་བྱ་དང་། དེ་དག་སྐྱེད་སྲིང་བྱེད་སྟངས་ཀྱི་ལམ་སྟོན་ངོ་མ་གནང་གི་ཡོད་པ་ལྟར། རིན་ཐང་འདི་དག་ནི་ང་ཚོས་འགྲོ་བ་མི་ཡོངས་དང་ལྷན་དུ་དོན་སྙིང་ལྡན་པའི་ཐོག་བརྒྱུད་སྐུལ་དང་ཕན་ཚུན་ཉམས་སུ་མྱོང་ཐུབ་རྒྱུ་ཞིག་ཡིན་པ་བཀའ་སྩལ་འདུག མ་ཟད་༸གོང་ས་མཆོག་གིས་ཡི་ཤུའི་ཆོས་དཔོན་ཆེན་མོ་ Dame Sarah...

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་བཱ་ལེན་ཌ་རཱ་ཤཱ་མཆོག་ལ་འཚམས་འདྲི་ཞུས་འདུག

གཞས་མ་གཏམ་གྱི་གླུ་བ་ནས་སྲིད་དོན་པར་གྱུར་བ་སྐུ་ཞབས་ Balendra Shah མཆོག་ནས་ཁ་སང་རེས་གཟའ་པ་སངས་ཉིན་བལ་ཡུལ་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུས་པ་དང་འབྲེལ།  དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐུ་ཞབས་བཱ་ལེན་ཌ་རཱ་ཤཱ་མཆོག་ལ་འཚམས་འདྲི་ཞུས་འདུག དེའང་ཁ་སང་ཕྱི་ཚེས་ ༢༧ ཉིན་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་དུ་རྟེན་གཞི་བྱས་པའི་ Sheetal Niwas ཞེས་སྲིད་འཛིན་གྱི་བཞུགས་གནས་སུ་བལ་ཡུལ་གྱི་སྲིད་འཛིན་ Ram Chandra Paudel མཆོག་གིས་གཙོ་སྐྱོང་བཀོད་སྒྲིག་དང་། ཧིན་རྡུ་དང་ནང་པའི་དགེ་འདུན་པའི་སྨོན་ལམ་གསུང་འདོན་འོག བལ་ཡུལ་གྱི་ལོ་རྒྱུས་ནང་ད་བར་གྱི་སྲིད་བློན་ལོ་ན་ཆུང་ཤོས་ཡིན་པ་སྐུ་ཞབས་ Balendra Shah བྷ་ལེན་ཌ་ར་ཤཱ་མཆོག་ནས་སྲིད་བློན་གྱི་དམ་འབུལ་ཞུས་ཡོད་པ་རེད། དམ་འབུལ་གྱི་མཛད་སྒོའི་ཁྲོད་སྐུ་ཞབས་བྷ་ལེན་ཌ་ར་ཤཱ་མཆོག་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཟུར་པ་ Shishir Khanal མཆོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་།  Harvard མཐོ་སློབ་ནས་བསླབ་པ་མཐར་སོན་བྱུང་བའི་དཔལ་འབྱོར་རིང་ལུགས་མཁས་པ་ Swarnim Wagle ལགས་དཔལ་འབྱོར་བློན་ཆེན། དེ་བཞིན་བལ་ཡུལ་ནང་གི་གཞོན་སྐྱེས་ཚོའི་ལས་འགུལ་སྣེ་འཁྲིད་གནང་མཁན་གཙོ་བོའི་གྲས་སུ་ཡོད་པ་སྐུ་ཞབས་ Sudan Gurung ལགས་ནང་སྲིད་བློན་ཆེན་དུ་བསྐོ་བཞག་སོགས་ཁོང་གི་བཀའ་ཤག་ནང་གི་བློན་ཆེན་མང་ཆེ་བ་རང་ལོ་ ༢༠ དང་ ༣༠ ཡི་ནང་ཆགས་ཀྱི་ཡོད་པ་རེད་འདུག...

རྒྱ་ནག་གིས་མཐོང་མཆན་མི་དགོས་པའི་སྲིད་བྱུས་རྒྱ་བསྐྱེད་བྱས་ཀྱང་བོད་ནང་འགྲུལ་བཞུད་ཐད་སྔར་བཞིན་དམ་དྲག

ཉེ་བའི་ཆར་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་གཏོང་ཆེད། ཡུལ་དེའི་ནང་མཐོང་མཆན་མི་དགོས་པར་བསྐྱོད་ཆོག་མཁན་རྒྱལ་ཁབ་གྱི་ཁ་གྲངས་མང་དུ་བཏང་སྟེ། ད་ཆ་འཛམ་གླིང་གི་རྒྱལ་ཁབ་ ༥༠ ལྷག་གི་མི་རིགས་ ༧༧ ཙམ་ལ་རྒྱ་ནག་ཏུ་ཉིན་ ༣༠ རིང་མཐོང་མཆན་མི་དགོས་པར་འགྲུལ་བཞུད་བྱེད་ཆོག་པ་བཟོས་ཡོད་ཀྱང་། བོད་ནི་སྔར་བཞིན་དམིགས་བསལ་གྱི་ཆོག་མཆན་ལོགས་སུ་དགོས་པ་སོགས་མུ་མཐུད་དམ་དྲག་ཡོད་ས་ཞིག་ཏུ་ལུས་ཡོད་ཅེས་གསུངས་འདུག རྩ་བའི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་མཇུག་ནས་བཟུང་ཡུལ་དེའི་ནང་མཐོང་མཆན་མི་དགོས་པར་འགྲུལ་བཞུད་བྱེད་ཆོག་པའི་ལས་གཞི་ཤུགས་ཆེན་སྤེལ་འགོ་བཙུགས་པ་དང་། ཁ་སང་ཕྱི་ཚེས་ ༢༧ ཉིན་ Travel and Tour World ཞེས་པའི་ཡུལ་སྐོར་དྲྭ་ཚིགས་ཐོག་འཁོད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ པའི་བར་དུ་རྒྱལ་ཁབ་ ༥༠ ཙམ་གྱི་མི་སེར་ལ་རྒྱ་ནག་ཏུ་ཚོང་ལས་དང་། ནང་མིར་ཐུག་འཕྲད། འགྲུལ་བཞུད་བརྒྱུད་ལམ་བཅས་ཀྱི་ཆེད་དུ་ཉིན་གྲངས་ ༣༠ རིང་མཐོང་མཆན་མི་དགོས་པར་འཛུལ་ཞུགས་བྱེད་ཆོག་པ་བཟོས་ཡོད་པ་མ་ཟད། དེའི་ཐོག་རྒྱ་གཞུང་གིས་རྒྱལ་ཁབ་གཞན་ ༢༩ དང་ཕན་ཚུན་མཐོང་མཆན་མེད་པར་བལྟ་སྐོར་བྱེད་ཆོག་པའི་གྲོས་མཐུན་ཡོད་པ་བརྒྱུད། ད་ཆ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བ་དང་། དབྱིན་ཡུལ། ཨོ་གླིང་། ནིའི་ཛི་ལེན་ཌི། ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཀྱི་རྒྱལ་ཁབ་མང་དག་ཅིག་ནས་ཁྱོན་མི་རིགས་...

བོད་ཕྲུག་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་བསྐྲུན་རྒྱུའི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་ཡིན་པའི་གཞེན་སྐུལ།

དེ་རིང་གྲོས་ཚོགས་ལས་ཉིན་བཅུ་གཅིག་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད། སྤྱི་འཐུས་རྣམ་པས་བོད་པའི་སློབ་གྲྭ་ཁག་གི་ད་ལྟའི་གནས་སྟངས་དང་དགེ་རྒན་གྱི་གསོལ་ཕོགས། དེ་བཞིན་ཕྱི་རྒྱལ་དུ་གཟའ་མཇུག་སློབ་གྲྭའི་གལ་གནད་སོགས་ཤེས་ཡོན་སྤྱིའི་སྐོར་བཀའ་མོལ་གནང་སོང་། དེ་རིང་གྲོས་ཚོགས་སུ་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་རྒྱུན་སྐྱོང་གནང་བའི་ཁྲོད། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་མུ་མཐུད་ཕེབས་པའི་སྐབས། ཉེ་ཆར་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པ་གཏན་འབེབས་བརྒྱུད་བོད་མིའི་ངོ་བོ་སྐད་ཡིག་རྩ་མེད་བཟོ་རྒྱུར་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་དང་སྦྲགས། སྤྱི་འཐུས་རྣམ་པས་ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་བོད་པའི་སློབ་ཕྲུག་ཚོར་རང་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ལ་རྒྱལ་ཞེན་ཡོང་ཐབས་སུ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཡིན་སྐོར་དང་འབྲེལ། བོད་སྐད་ཡིག་སྔར་ལྷག་རྒྱུན་འཛིན་སླད་ཤེས་རིག་ལས་ཁུངས་ནས་མུ་མཐུད་ཤུགས་གནོན་བསྐྱོན་དགོས་པ་དང་། དེའི་ཆེད་རྩེ་ཕུད་དགེ་རྒན་དང་བོད་ཡིག་དགེ་རྒན་རྣམས་ལ་དམིགས་བསལ་ཆེ་མཐོང་གིས་ཐོབ་ཐང་འབུལ་དགོས་པའི་དགོངས་ཚུལ་བཏོན་སྐབས། ཤེས་རིག་བཀའ་བློན་མཆོག་གིས་བོད་ཕྲུག་ཚོས་བོད་སྐད་གཙང་མ་བརྒྱག་ཐུབ་པ་བཟོ་རྒྱུ་དང་སྐད་ཡིག་སྲུང་སྐྱོབ་སླད་གང་ཐུབ་ཅི་ཐུབ་ཀྱིས་ད་ཆ་སློབ་གྲྭ་ཁག་ནང་བོད་ཡིག་ཡར་རྒྱས་ཕྱིན་པའི་རྣམ་པ་མངོན་གྱི་ཡོད་ཅེས་དང་། ཤེས་རིག་ལས་ཁུངས་ནས་དགེ་རྒན་རྩེ་ཕུད་ཁོ་ནར་ལེགས་གསོལ་གནང་བསྡད་པ་ཡིན་ན་དེས་གཞན་ཚོར་སེམས་ཤུགས་གཅོག་རྒྱུ་ཡིན་པ་དེ་ལྟར་ཡང་དེའི་ཐོག་དགོངས་པ་བཞེས་ཀྱི་ཡིན་ཞེས་གསུངས་སོང་། མ་ཟད་སྤྱི་འཐུས་གཅིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་མང་དག་ཅིག་གནས་སྡོད་གནང་བཞིན་པ་དང་འབྲེལ། ཁུལ་དེར་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་གཞི་རིམ་སློབ་གྲྭ་ཟུར་དུ་འཛུགས་དགོས་གལ་དང་། མ་འོངས་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་ཕྲུག་ཚོའི་ཆེད་དུ་རྒྱ་གར་ལ་གཏན་དུ་བོད་ཡིག་གཙོ་བོར་གྱུར་པའི་རིག་གཞུང་སློབ་སྦྱོང་གནང་སའི་དམིགས་བསལ་ཚད་ལྡན་སློབ་གྲྭ་ཞིག་འཛུགས་རྒྱུའི་ཐད་འཆར་གཞི་ཡོད་མེད་སྐོར་བཀའ་འདྲི་ཡང་ཕེབས་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་ནས་ཤེས་རིག་བཀའ་བློན་མཆོག་ལ་དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ཕྲུ་གུ་དང་དགེ་རྒན་ཉུང་དྲགས་པའི་ཁྲོད། སློབ་གྲྭ་ཟླ་སྒྲིལ་གྱི་གནས་སྟངས་ཇི་ཡིན་སྐོར་བཀའ་འདྲི་ཕེབས་སྐབས། ཤེས་རིག་བཀའ་བློན་མཆོག་གིས་མ་སུ་རི་བོད་ཁྱིམ་དང་འབྲེལ་ནས་གཅིག་ཟླ་སྒྲིལ་གཏོང་རྒྱུའི་གྲོས་ཤིག་འགྲོ་བཞིན་ཡོད་པ་དང་དེ་མིན་རྡ་ས་བོད་ཁྱིམ་དེ་ལ་དྭགས་ཅོག་ལམ་སར་ཟླ་སྒྲིལ་བཏང་ཡོད་པ་དང་། དེ་བཞིན་སམ་བྷོ་ཌ་ཁྱབ་ཁོངས་ Tezu སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་མེའུ་སློབ་གྲྭར་ཟླ་སྒྲིལ་བཏང་ཡོད་པ་མ་ཟད། སོ་ན་ཊའི་འཛིན་གྲྭ་ཁག་གཅིག་ཀ་ལིང་པོང་དང་རྡོ་རྗེ་གླིང་གཉིས་སུ་བསྡོམས་གནང་བ། གཞན་ཡང་ཨོ་རི་སར་འཛིན་གྲྭ་གཅིག་ཟླ་སྒྲིལ་བཏང་ཟིན་་བཅས་གཙོ་བོ་དགོས་མཁོ་ལ་གཞིགས་པའི་གོམ་པ་སྤོ་འཆར་ཡོད་པ་གསུངས་སོང་། དེའི་ཁྲོད་སྤྱི་འཐུས་རེ་བཟུང་གིས་བོད་པའི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་ཙམ་མིན་པར་མི་རིགས་ཀྱི་ལ་རྒྱ་དང་ལྟ་གྲུབ་བཟུང་སྟངས་ཀྱི་ངོ་སྤྲོད་གནང་གལ་དང་འབྲེལ་དེའི་ཐོག་གྲོས་བསྡུར་གྱི་རྣམ་པའི་སྡིངས་ཆ་ག་ཚོད་བསྐྲུན་གནང་གི་ཡོད་པའི་སྐོར་བཀའ་མོལ་གསུངས་མཁན་བྱུང་སོང་། དེ་མིན་དེ་རིང་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་བགྲོ་གླེང་ཁྲོད་སྤྱི་འཐུས་རྣམས་ཀྱིས་བོད་པའི་སློབ་གྲྭ་ཁག་གི་ད་ལྟའི་གནས་སྟངས་དང་དགེ་རྒན་གྱི་སྤུད་ཚད། དགེ་རྒན་རྩེ་ཕུད་ལ་ལེགས་གསོལ་གནང་དགོས་གལ་དང་གཟའ་མཇུག་སློབ་གྲྭའི་གནས་བབ། སློབ་གྲྭ་ཟླ་སྒྲིལ་གྱི་གནས་བབ་དང་། སློབ་གྲྭའི་ནང་དུ་ཆེད་ལས་མདུན་ལམ་སློབ་སྟོན་གྱི་གནས་སྟངས། དེ་བཞིན་སློབ་ཕྲུག་ཚོར་བཅོས་མའི་རིག་རྩལ་བཀོལ་སྤྱོད་དང་འབྲེལ་བའི་འཆར་གཞི་ཇི་ཡོད་སོགས་ཀྱི་ཐོག་ལ་གླེང་སློང་དང་བཀའ་འདྲི་ནན་པོ་གནང་སོང་། གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་བཀའ་ལན་ཁྲོད་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་བོད་པའི་སློབ་གྲྭ་ཁྱོན་ ༦༠ ཙམ་ཡོད་པ་དང་དེའི་ནང་སློབ་ཕྲུག་གྲངས་ ༡༣༡༦༨ ཡོད་ཅིང་། དེའི་ཁོངས་བོད་ཕྲུག་ ༨༡༦༡ དང་ཧི་མ་ལའི་རི་བརྒྱུད་ནས་ ༣༥༦༣ རྒྱ་གར་བ་ ༡༤༤༤ ཡིན་པ་བཅས་གསུངས་སོང་།  The...

རྒྱ་ནག་གིས་ཅེག་གྲོས་ཚོགས་ནས་༸རྒྱལ་བའི་ཡང་སྲིད་ཐད་གྲོས་ཆོད་གཏན་འབེབས་གནང་བ་ལ་སྐྱོན་བརྗོད།

ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་པ་དང་།  བོད་མི་ཚོའི་རང་དབང་གི་འདེམས་ཀ་ལ་ཅེག་སྲིད་གཞུང་ནས་རྒྱབ་སྐྱོར་དགོས་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་བརྟེན། དེ་རིང་ཅེག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད།  ཅེག་གྲོས་ཚོགས་གོང་མས་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་དེར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་མ་ཟད། ཅེག་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་པོ་ཡོད་པ་དེར་བརྩི་སྲུང་བྱེད་དགོས་པ་བཤད་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཤོག་ Global Times ཐོག་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་སྤེལ་བའི་ནང་།  ཅེག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མགྲིན་ཚབ་པས།  ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་འགའ་ཞིག་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་རིང་ལུགས་ལ་ངོས་འཛིན་དགོས་ལུགས་དང་།  བོད་དང་འབྲེལ་བའི་གནད་དོན་ནང་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་མ་ཟད། བོད་རང་བཙན་འཐབ་རྩོད་ཀྱི་རུ་ཁག་ཚོར་བརྡ་ལན་ངན་པ་ཅི་རིགས་ཤིག་སྤྲོད་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་ལམ་སྲ་བརྟན་ཡོད་པ་དེ་ཉིད་སྲུང་སྐྱོབ་ཐད་དངོས་ཡོད་ཀྱི་ལས་དོན་བསྒྲུབ་དགོས་གལ་ཡིན་ལུགས་བཤད་འདུག གནས་ཚུལ་ནང་། རྒྱ་ནག་གི་མགྲིན་ཚབ་པས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་གྲོས་ཚོགས་གོང་མའི་འཐུས་མིས་རྣམས་ནས་སུད་སིའི་ཇི་ནི་ཝ་བོད་ཀྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་ཐོག་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་རྒྱ་ནག་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་དང་འབྲེལ་ཏེ་གྲོས་ཆོད་གཏན་འབེབས་གནང་བ་ལ་ལན་འདེབས་ཚུལ་དུ་སྤེལ་ཡིན་ལུགས་བཤད་འདུག་པ་མ་ཟད།  གནད་དོན་དེའི་བརྒྱུད་རིམ་ལ་དོ་སྣང་ཡོད་ལུགས་དང་།  ཅེག་གྲོས་ཚོགས་གོང་མས་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་རྩིས་མེད་བཏང་བའི་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་འགྲེལ་བརྗོད་ཀྱིས། བོད་ནི་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པར་ཕྱིའི་གནོན་ཤུགས་ཀྱི་ཐེ་ཇུས་རིགས་ལ་བཟོད་ཐབས་མེད་ལུགས་བཤད་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་གྲོས་ཚོགས་གོང་མས་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པ་ངོས་འཛིན་གནང་ཡོད།  ལྷག་པར་དུ་རྒྱ་ནག་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ།  ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། འདིས་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་།...

ཐེ་ཝན་ནས་རྒྱ་ཡིག་དགེ་རྒན་ཆེད་གཏོང་བྱ་རྒྱུའི་གན་རྒྱ་བཞག་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་དབར་གན་རྒྱ་བཞག་སྟེ་ཐེ་ཝན་ནས་རྒྱ་གར་དུ་རྒྱ་ཡིག་སློབ་ཁྲིད་ཆེད་དགེ་རྒན་གཏོང་རྒྱུ་རེད་འདུག དེ་ཡང་ཁ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དུ། ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu-min Chen ལགས་དང་། ཤེས་ཡོན་འགན་འཛིན་ Jill Lai ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས། དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། ལྷོ་སྤྱི་འཇིགས་མེད་འབྱུང་གནས་ལགས་བཅས་མཉམ་ཞུགས་ཀྱིས། ཤེས་ཡོན་འགན་འཛིན་ Jill Lai ལགས་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས་གཉིས་ཀྱིས་གན་རྒྱ་ལ་མཚན་རྟགས་བཀོད་ཡོད་པ་རེད། གན་རྒྱ་དང་འབྲེལ་ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu min Chen ལགས་ཀྱིས།  Taiwan Education Center TEC...

བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ལ་ ༢༠༢༦ ལོའི་ Los Angeles Times Finance Visionary ཡི་ཆེ་བསྟོད་ཐོབ་པ།

ཨ་རིར་གནས་བཞུགས་བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ལ་ Los Angeles Times གསར་ཤོག་གི་ཕྱི་ལོ་ ༢༠༢༦ ལོའི་ Finance Visionary ཞེས་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོད་ཐོབ་འདུག དེའང་ Los Angeles Times གསར་ཤོག་གི་ཚོང་ལས་སྡེ་ཚན་གྱིས་ལོ་ལྟར་དངུལ་ཁང་དང་དངུལ་རྩིའི་ལས་རིགས་ནང་གི་ཆེད་ལས་མི་སྣ་གྲགས་ཅན་རྣམས་མངོན་པར་གནང་གི་ཡོད་པ་ལྟར། འདི་ལོའི་ཐོ་གཞུང་ནང་བོད་པའི་བུད་མེད་བསྟན་འཛིན་གསལ་སྒྲོན་ལགས་མཚན་འདོན་གནང་བ་དང་། ཁོང་ནི་ ༢༠༢༢ ལོར་འགོ་འཛུགས་བྱེད་པའི་ Pulse Fund ཞེས་ཁེ་ལས་མ་རྩའི་ལས་ཁུངས་འགོ་འཛུགས་གནང་མཁན་དང་དོ་དམ་མཉམ་ལས་རོགས་ཟླ་ཡིན་པ་རེད་འདུག Los Angeles Times དྲྭ་གནས་ཐོག་གསལ་སྒྲོན་ལགས་ཀྱིས་ ༢༠༢༥ ལོར་ཐབས་བྱུས་ལྡན་པའི་མ་རྩ་འཛུགས་འཇོག་གི་ལས་གཞི་བཞི་དངོས་སུ་འཚོལ་སྒྲུབ་གནང་ཡོད་པ་སྟེ། ནགས་ཚལ་བསྐྱར་གསོའི་ལས་གཞི་ Mast Reforestation ལ་ཨ་སྒོར་ས་ཡ་ ༢༥ ཡི་ Series B མ་རྩ་བསྡུ་རུབ་ནང་མཉམ་འབྲེལ་འགོ་ཁྲིད་གནང་བ་དང་། གློག་ཤུགས་འཕྲུལ་ཆས་མཁོ་སྤྲོད་བྱེད་མཁན་ Endera...

ཅེག་གྲོས་ཚོགས་གོང་མས་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་ལ་ཐེ་བྱུས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་འདུག

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ངོས་ནས་༸རྒྱལ་བའི་ཡང་སྲིད་ཐད་བོད་མི་ཚོའི་རང་དབང་གི་འདེམས་ཀ་ལ་རྒྱབ་སྐྱོར་དགོས་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་གྲོས་ཆོད་ལ་ཅེག་གི་གྲོས་ཚོགས་གོང་མའི་འཐུས་མི་ ༤༠ ཡིས་རྒྱབ་སྐྱོར་དང་དགག་བྱ་རྩ་བ་ནས་བྱུང་མེད་པ་འགྲེལ་བརྗོད་དང་འབྲེལ། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་ལུགས་ཀྱི་ངོ་བོར་ཚོད་འཛིན་བྱེད་ཐབས་ཀྱིས་ཉེ་བའི་ཁྲིམས་བཟོའི་ལས་དོན་ཁག་ལ་མཉམ་འབྲེལ་གྱིས་ངོས་ལེན་མེད་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་པ་གསུངས་འདུག གྲོས་ཆོད་དེ་ནི་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jitka Seitlova ལགས་ཀྱིས་ཆེད་འདོན་གནང་བ་ཞིག་དང་། གྲོས་ཚོགས་འཐུས་མི་གཞན་གསུམ་གྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་བྱུང་ཡོད་པ་རེད། གྲོས་ཆོད་ནང་༸རྒྱལ་བའི་ཡང་སྲིད་ཐད་ཀྱི་དམིགས་བསལ་དབང་ཚད་དང་འབྲེལ་བའི་གནད་དོན་ཐད་འཁོད་དོན་དུ། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པ་ངོས་འཛིན་གནང་འདུག དེ་བཞིན་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། འདིས་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་། སྒྲིག་འཛུགས་ཅན་གྱི་བཙན་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག གྲོས་ཆོད་ནང་གཞན་ཡང་ད་སྐབས་རྒྱ་ནག་གིས་ཤུགས་གནོན་རྒྱལ་མཚམས་ལས་འདས་ཏེ་རྒྱ་ཁྱབ་ཆེ་རུ་འགྲོ་བཞིན་པའི་གནད་དོན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞེས་པ་དེ་ནི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པ་དང་། ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་དེ་བོད་མི་རིགས་ཀྱི་ངོ་བོར་རྒྱབ་སྐྱོར་བྱེད་མཁན་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་མི་སེར་གཙོས་རྒྱ་ནག་ཕྱི་ཕྱོགས་རྒྱལ་ཁབ་ཁག་གི་མང་ཚོགས་ལའང་ཁྱབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག་པ་མ་ཟད། གྲོས་ཆོད་འདིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་བོད་ཀྱི་ཆོས་དད་རང་དབང་གི་དོན་དུ་ལས་འགུལ་ཤུགས་ཆེན་སྤེལ་དགོས་པ་དང་། སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་ཀྱི་མི་སྣ་གཙོ་བོ་རྣམས་ལ་གྲོས་ཆོད་འདི་བརྒྱུད་བསྒྲགས་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག མ་ཟད་དེའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་བར་གྱི་ཡུན་རིང་འབྲེལ་བ་གསལ་སྟོན་དང་། ལྷག་པར་ཕྱི་ལོ་ ༢༠༢༥ ལོའི་ཟླ་...

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་ནང་སྐུ་བཀྲོངས་པའི་གནད་དོན་ལ་ད་ལྟའང་ཞིབ་འཇུག་མ་བྱེད་པར་སྐྱོན་བརྗོད།

སྔ་ལོ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཊི་ནམ་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་གློ་བུར་དུ་སྐུ་འདས་གྲོངས་སུ་ཕྱིན་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམ་པ་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཝི་ཊི་ནམ་དང་རྒྱ་ནག་གཞུང་གཉིས་ཀར་གནད་དོན་དེའི་ཐོག་རང་དབང་ཅན་གྱི་ཞིབ་འཇུག་དང་གསལ་བཤད་མཐིལ་ཕྱིན་དགོས་པའི་ཞུ་སྐུལ་རིམ་པ་གནང་ཡང་། ད་ཆ་ལོ་གཅིག་ལ་སོང་རན་ཡང་། ཝི་ཏི་ནམ་དང་རྒྱ་ནག་གཞུང་གཉིས་ཀས་ཡོངས་ཁྱབ་ཀྱིས་ཞིབ་འཇུག་གང་ཡང་བྱེད་མེད་པར་སྐྱོན་བརྗོད་གནང་འདུག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་ལུང་སྔོན་དགོན་པའི་དགོན་བདག་ཡིན་པ་དང་། ཁོང་ལ་རྒྱ་ནག་དང་ཕྱི་རྒྱལ་ཁྲོད་དད་མོས་གནང་མཁན་སྟོང་ཕྲག་མང་པོ་ཡོད་ཅིང་། དེའི་ནང་ཝེ་ཏི་ནམ་ཡང་ཚུད་ཡོད་པ་དང་། རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ནང་ཝི་ཏི་ནམ་དུ་ཆེད་ཕེབས་ཀྱིས་ཡུལ་དེའི་ནང་དཀའ་ངལ་ཆེན་པོའི་འོག་གསང་བའི་ངང་བཞུགས་ཡོད་པའི་ཁྲོད། སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གློ་བུར་དུ་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་གིས་ཕྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་བྱས་རྗེས་ཉིན་དེར་སྐུ་གྲོངས་པའི་གནས་ཚུལ་ཐོན་ཡོད་པ་རེད། The Vietnamese Magazine ཞེས་པའི་ཝི་ཊི་ནམ་གྱི་དུས་དེབ་ཐོག་ཁ་སང་ཝེ་ཊི་ནམ་གྱི་རྩོམ་པ་པོ་དང་གསར་འགོད་པ HuệNhã ལགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་འདྲ་མིན་ཁག་གཅིག་གི་སྐུ་ཚབ་ནས་སྔ་ལོའི་ཕྱི་ཟླ་ ༨ པ་དང་དེ་ནས་ཕྱི་ཟླ་ ༡༠ པའི་ནང་ཝི་ཊི་ནམ་དང་རྒྱ་ནག་གཞུང་གཉིས་ཀར་དམིགས་བསལ་ཕྱག་བྲིས་ཕུལ་ཏེ་ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནད་དོན་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་སྟོན་དང་འབྲེལ། རིན་པོ་ཆེ་མཆོག་འཛིན་བཟུང་དང་གར་སོང་ཆ་མེད་འགྱུར་སྟངས། ལྷག་པར་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་ཇི་འདྲ་སོང་མིན་ཐད་རང་དབང་སྒོ་ནས་ཞིབ་འཇུག་མྱུར་དུ་བྱེད་དགོས་པའི་ཞུ་སྐུལ་གནང་ཡོད་ཅིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ Minnesota Protocol ཞེས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ནང་དེ་ལྟ་བུའི་ཉེན་རྟོག་པའི་བཀག་ཉར་འོག་ཁྲིམས་འགལ་གྱི་གསོད་རྨས་གནད་དོན་ལ་འབྲེལ་ཡོད་གཞུང་ནས་མྱུར་དུ་ཞིབ་འཇུག་བྱེད་དགོས་པ་དང་། ཝི་ཏི་ནམ་དང་རྒྱ་ནག་གི་སྲིད་གཞུང་གཉིས་ཀ་ཁྲིམས་སྒྲིག་དེའི་ཁྱབ་ཁོངས་སུ་གཏོགས་ཀྱང་། ད་བར་རྒྱལ་ཁབ་གཉིས་ཀྱིས་ལན་འདེབས་གང་ཡང་བྱེད་མེད་པར་སྐྱོན་བརྗོད་གནང་འདུག ཆེད་མཁས་པ་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་།...

མཚོ་ལྷོ་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་གློད་བཀྲོལ་བཏང་འདུག

ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༧ པའི་ནང་དུ་མཚོ་ལྷོ་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་ཟླ་བ་དྲུག་རིང་བཀག་ཉར་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་འདུག དེ་ཡང་འབྲེལ་ཡོད་ནས་གནས་ཚུལ་ཤེས་རྟོགས་ལྟར་ན་ཉེ་ལམ་ཕྱི་ཟླ་ ༡ ཆེས་ ༢ ཉིན་ཁོང་གློད་བཀྲོལ་བཏང་ཡོད་ཀྱང་མིག་དང་། པུས་མོ། ལུས་པོའི་ཚིགས་ན་བ་སོགས་ཀྱི་འཕྲོད་བསྟེན་ལ་དཀའ་ཁག་ཡོད་པ་གསལ་བཤད་གནང་སོང་བ་མ་ཟད། རྒྱ་ནག་གཞུང་གིས་ཁོང་གློད་བཀྲོལ་བཏང་རྗེས་ཕྱོགས་ཡོངས་ནས་ཁོང་གི་འགྲོ་འདུག་ལ་དམ་དྲག་དང་སོ་ཉུལ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག ནང་དུ་འབྱོར་རྗེས་སླར་ཡང་ཟི་ལིང་དུ་འབོད་འགུག་བྱས་ནས་རྒྱ་ནག་གི་སྒྲིག་ཁྲིམས་དང་མཐུན་པའི་བསམ་བློའི་སློབ་གསོ་བརྒྱབ་ཡོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༧ པའི་ཚེས་འགོར་ཟི་ལིང་དུ་སྨན་པར་བསྟེན་གཏུག་བྱེད་དུ་ཕྱིན་སྐབས།  རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་ཁོང་གི་མ་སྤུན་བུ་མཁས་གྲུབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་ནས་བཟུང་གྲྭ་མཛེས་དགའ་རྒྱ་མཚོ་ལགས་གཙོ་བོར་གྱུར་བའི་གཉེན་ཉེ་དང་འབྲེལ་ཡོད་མང་པོ་ཞིག་ལ་རྒྱ་གཞུང་གིས་ལྟ་རྟོག་དང་དོགས་ཟོན་བྱ་སའི་ཁོངས་སུ་བཅུག་སྟེ་ཕྱི་ཕྱོགས་སུ་འབྲེལ་ལམ་ཡོད་སྐོར་བརྗོད་ནས་འདྲི་རྩད་དང་ཉེན་བརྡ་གཏོང་བ་སོགས་ཀྱི་སུན་གཙེར་ཐེངས་མང་པོ་བཟོས་ཡོད་འདུག རྩ་བའི་དགུང་ལོ་ ༤༨ ཡིན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ནི་ཕ་བསོད་དབང་དང་མ་བཀྲ་ཤིས་གཉིས་ལ་བུ་གསུམ་དང་བུ་མོ་གསུམ་བཅས་ཁྱོན་བུ་རྒྱུད་དྲུག་ཡོད་པ་ལས་ཆེ་ཤོས་དེ་ཡིན་འདུག ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ལོ་གཅིག་ཙམ་རིང་སློབ་གཉེར་བྱས་རྗེས། ཕྱི་ལོ་ ༢༠༠༣ ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་རྭ་རྒྱ་ཤེས་རིག་ནོར་གླིང་དུ་སློབ་སྦྱོང་བྱས། དེ་སྔ་འཛིན་བཟུང་བཙན་ཁྲིད་མ་བྱས་གོང་། གཙང་དགོན་པའི་སློབ་གྲྭ་ལྔ་རིག་ལེགས་བཤད་གླིང་གི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་འདུག The post མཚོ་ལྷོ་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་གློད་བཀྲོལ་བཏང་འདུག appeared...

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་བཀའ་ཤག་གི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀ་སྤྱི་མོས་ཐོག་གཏན་འབེབས།

དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བདུན་པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀར་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་སོང་། དེ་རིང་སྔ་དྲོ་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༡༦ ཐོག་བགྲོ་གླེང་གནང་བའི་ཁྲོད་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཉེ་ཆར་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པར་ངོ་རྒོལ་དང་དེའི་ཚབས་ཆེའི་ཉེན་ཁ་རྣམས་བཟློག་ཐབས་སུ་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༡༦ ཀ་པ་བསྣམས་ཕེབས་དོན་ལྟར་སྤྱི་འཐུས་ ༤༠ མ་ཟིན་ཙམ་གྱིས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་བཀའ་བསྡུར་ལྷུག་པོ་གནང་སོང་། སྐབས་དེར་སྤྱི་འཐུས་རྣམས་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་བཀའ་ཤག་གི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་མུ་མཐུད་འཆར་གཞི་ལྡན་པའི་ཐོག་ནས་གདུག་རྩུབ་ཙན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པའི་ཁོངས་སུ་ཆེས་སྡུག་ཤོས་དང་ད་ཆ་བོད་ནང་གི་ཛ་དྲག་གནས་སྟངས་ཆེ་ཤོས་དེ་བོད་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུ་དེ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པ་གཏན་འབེབས་བྱས་ཡོད་པ་དེ་ནི་དོན་དངོས་མི་རིགས་ཤིག་མཚོན་ན་ཧ་ཅང་སྡུག་རྩུབ་ཅན་དང་མི་རིགས་ཀྱི་ངོ་བོ་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ཡིན་སྟབས་བོད་མི་ཡོད་དོ་ལྕག་གིས་དེ་རིང་ནས་བཟུང་རང་འགན་རང་འཁུར་གྱི་ཐོག་ནས་བོད་སྐད་ཡིག་སྲུང་སྐྱོབ་སླད་དམ་བཅའ་འཇོག་་ནས་ལག་ལེན་འཁྱོལ་བ་ཞིག་དགོས་ཞེས་གསུངས་ཡོད། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཐབས་ཡག་ཤོས་དེ་བཙན་བྱོལ་བོད་མི་རྣམས་ནས་གཞིས་ལུས་བོད་མི་ཚོའི་ཆེད་དུ་ལས་དོན་གང་སྤེལ་དགོས་པ་དང་སྤེལ་འོས་པ། སྤེལ་ཐུབ་པ་སོགས་ཀྱི་ཐོག་ལ་རྒྱ་ཆེ་མང་ཚོགས་ཀྱི་ཐུགས་སྣང་གལ་ཆེ་གནང་རྒྱུ་དེ་དུས་ལ་བབས་ཡོད་ཅེས་གསུངས་སོང་བ་མ་ཟད། ལ་ལས་ང་ཚོས་དེ་རིང་ནས་བཟུང་སྟེ་བོད་མི་ནང་ཁུལ་ལ་བོད་སྐད་གཙང་མ་སྤྱོད་རྒྱུ་ཡིན་ཞེས་པའི་གྲོས་ཆོད་དོན་ཚན་གཅིག་ཁ་སྣོན་བསྐྱོན་དགོས་པ་གསུངས་སོང་། བགྲོ་གླེང་ཁྲོད་སྤྱི་འཐུས་མི་ཉུང་བ་ཞིག་གིས་འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་མི་རིགས་ཡོངས་ཀྱི་མིང་དོན་མཚུངས་པའི་རང་སྐྱོང་གི་ཁྲིམས་སྒྲིག་ཁག་ལ་རིམ་པའི་སྒྱུར་བ་གཏོང་བཞིན་པའི་ཁྲོད་འདིར་ང་ཚོ་མུ་མཐུད་ཁྲིམས་སྒྲིག་དེའི་འོག་ཐོབ་ཐང་རྩོད་ནས་བསྡད་ན་འགྲིག་གམ་ཞེས་དང་། རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེའི་འོག་ནས་དབུ་མའི་ལམ་གཞིར་བཟུང་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་ཀྱིས། ང་ཚོའི་དགྲ་ལ་དགྲ་བོའི་འདུ་ཤེས་འཛིན་རྒྱུའི་བསམ་བློ་མ་འདོར་བའི་ཐོག་ནས་ལས་དོན་སྤེལ་དགོས་སྟབས་བཀའ་ཤག་ངོས་ནས་རྒྱ་ནག་གི་ཁྲིམས་ཡིག་གསར་པར་ངོ་རྒོལ་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པ་ཙམ་གྱིས་ཕན་ཐོགས་གང་ཡང་གཟིགས་ཀྱི་མེད་པ་དང་དབུ་མའི་ལམ་སྲིད་བྱུས་ལ་བསྐྱར་ཞིབ་དགོས་མིན་ཐད་ཞིབ་འཇུག་ཚད་ལྡན་ཞིག་གནང་དགོས་པ་སོགས་ཀྱི་དགོངས་ཚུལ་གསུང་མཁན་བྱུང་ཡོད། དེའི་ཁྲོད་སྤྱི་འཐུས་གཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་དགོས་ན་ངེས་པར་རྒྱ་གཞུང་དང་ཐད་ཀར་འབྲེལ་མོལ་གནང་དགོས་ཀྱི་ཡོད་སྟབས་འཛིན་སྐྱོང་བཀའ་ཤག་ནས་དེའི་ཐད་འདས་པའི་ལས་ཡུན་ནང་ཐབས་ཤེས་གང་གནང་ཡོད་མིན་སྐོར་བཀའ་འདྲི་ཕེབས་སོང་། གཞན་ཡང་གྲོས་ཆོད་གྲོས་འཆར་དེ་དང་འབྲེལ་བཙན་བྱོལ་བོད་མི་ཚོས་ཞལ་ནས་གདུང་སེམས་བསྐྱེད་ཡོད་གཅིག་པོ་གསུངས་བ་ཙམ་མིན་པར་བཙན་བྱོལ་བོད་མི་ནང་ཁུལ་དབར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་དང་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་འཕར་གཞི་ཞིག་ཏུ་འགྲོ་ཐུབ་པའི་ཐོག་དོན་དམ་པའི་གདུང་སེམས་མཉམ་བསྐྱེད་གནང་གལ་ཡིན་པ་དང་སོགས་གསུངས་ཡོད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་སྔ་དྲོར་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཙོས་པའི་ཉེ་ལམ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་དེད་ཀྱི་ཁྲིམས་ཡིག་སོགས་དང་འབྲེལ་ནས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཆོད་བསྣམས་ཕེབས་པར་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བཞིན་པའི་ཁྲོད། སྲིད་སྐྱོང་མཆོག་ལས་དོན་གལ་ཆེན་རྐྱེན་པས་བགྲོ་གླེང་ནང་མཉམ་ཞུགས་གནང་ཐུབ་མེད་པའི་རྒྱུ་མཚན་ལ་གཞིགས་ཏེ། བོད་མིའི་སྒྲིག་འཛུགས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་ལྟར། དབུས་འོས་བསྡུ་ལས་ཁང་གི་སྔོན་རྩིས་དང་ལས་དོན་གནང་ཕྱོགས་ཐད་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་རྣམ་པས་ད་ལན་བལ་ཡུལ་ནང་དུ་སྔོན་འགྲོའི་འོས་བསྡུའི་ཁྲོད་ས་གནས་ཁག་གཅིག་ལ་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གནང་ཐུབ་མེད་པར་ཐུགས་འཚབ་གསལ་སྟོན་གནང་ཐོག ལྷག་པར་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་གནད་དོན་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་མུས་ཡིན་སྐོར་གསལ་བསྒྲགས་སྤེལ་བ་ལྟར། ད་ལྟའི་ཆར་ཞིབ་འཇུག་གི་གནས་སྟངས་ཇི་ཡིན་གཙོས་གལ་ཏེ་ཞིབ་འཇུག་གནང་འབྲས་སུ་བལ་ཡུལ་ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུའི་ཁྲོད་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བའི་གནས་སྟངས་ར་སྤྲོད་བྱུང་ཚེ་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་ཕྱིན་གྱི་ཡོད་མེད་ཐོག་གླེང་སློང་ཤུགས་ཆེ་གནང་སོང་། The post གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་བཀའ་ཤག་གི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀ་སྤྱི་མོས་ཐོག་གཏན་འབེབས། appeared first on vot.

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་ཉིན་མོ་སྲུང་བརྩི།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་གླིང་ཕྱག་བཏབ་ནས་མི་ལོ་ ༡༡༠ དང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་རྡ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བཞུགས་སྒར་རྡ་སམ་ས་ལའི་འགྲོ་ཕན་བོེད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དང་དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ༸སྐུའི་བླ་སྨན་པ་རྣམ་པ་དང་སྨན་རྩིས་ཁང་གི་ལས་སློབ་བཅས་ཀྱི་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད་དྲུང་ཆེ། དེ་བཞིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་མཉམ་ཞུགས་གནང་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་དེང་སྐབས་བོད་ཀྱི་གསོ་བོ་རིག་པའི་གཞུང་ལ་འཛམ་གླིང་ཁྱོན་ནས་དོ་སྣང་ཆེན་པོ་གནང་བཞིན་པའི་དུས་སྐབས་ཤིག་ཡིན་པ་དང་བསྟུན། ཚང་མས་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་སྦྱངས་པ་ཙམ་མ་ཡིན་པར་ལག་ལེན་ཐོག་འཁྱེར་ཐུབ་པ་ཞིག་བྱ་དགོས་པ་དང་། བོད་ཀྱི་གསོ་བོ་རིག་པའི་བརྒྱུད་ནས་མི་གང་མང་ལ་ཕན་ཐོགས་ཡོང་བའི་ནུས་པ་སྟོན་དགོས་པ་གསུངས་སོང་། མ་ཟད་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་བཅོས་མའི་རིག་ནུས་སམ་ AI ཡི་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་དུས་སུ་བོད་ཀྱི་གསོ་བ་རིག་པ་ངོས་ནས་ཀྱང་བཅོས་མའི་རིག་ནུས་བཟུང་འབྲེལ་ཐོག་ནད་པ་བཅོས་ཐབས་བྱེད་དགོས་པ་དང་དེའི་ཐོག་ནས་སྤྱིར་མ་འོངས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་ལྷག་པར་དུ་ནད་པ་རྣམས་ལ་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་སོང་། དེ་བཞིན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་གྱི་ཕྱག་ནས་སྨན་སློབ་སྐབས་ ༢༣ དང་རྩིས་སློབ་སྐབས་ ༡༣ གྱི་སློབ་ཐོན་སྨན་རྩིས་པ་རྣམས་ལ་ཕྱག་འཁྱེར་འབུལ་བཞེས་དང་། སྨན་རྩིས་དང་འབྲེལ་བའི་དཔེ་དེབ་ ༡༠ དབུ་འབྱེད་གནང་སོང་བ་མ་ཟད། སྨན་སློབ་སྐབས་ ༢༣ ཁྲོད་རྒྱུད་གསུམ་ཆ་ཚང་རྒྱུགས་འབུལ་ཞུ་མཁན་སྨན་པ་གྲངས་ ༡ དང་སྨན་སློབ་སྐབས་ ༢༥ ལོ་འཁོར་ཡིག་རྒྱུགས་རྩེར་སོན་རྣམ་པ། དེ་བཞིན་སྨན་སློབ་སྐབས་ ༢༦ མན་ཌི་གཙུག་ལག་སློབ་ཆེན་གྱི་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམ་པ་སོགས་ལ་ཕྱག་འཁྱེར་འབུལ་བཞེས་གནང་སོང་།...

རྒྱ་ནག་གིས་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་བེད་སྤྱོད་བཏང་སྟེ་ངན་ཤུགས་སྤེལ་བཞིན་པའི་སྐོར་བགྲོ་གླེང་།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ནས་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Michael Waltz ལགས་ཀྱི་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་གནོད་འཚེ་ཅན་གྱི་ཤུགས་རྐྱེན་སྐོར་ལ་གྲོས་བསྡུར་དང་བགྲོ་གླེང་གི་ལས་རིམ་འཚོགས་གནང་འདུག་པ་དང་། དེའི་ཐོག་སྐུ་ཞབས་ Michael Waltz ལགས་ཀྱིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྡིངས་ཆ་བེད་སྤྱོད་བཏང་སྟེ་རང་གི་ཐབས་བྱུས་ཀྱི་དམིགས་ཡུལ་སྒྲུབ་རྒྱུར་ངན་ཤུགས་སྤྲོད་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་ New York གྲོང་ཁྱེར་གྱི་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཁྲོད་བགྲོ་གླེང་གི་ལས་རིམ་དེ་འཚོགས་འདུག   དེའི་ཐོག་གྲོས་ཚོགས་འཐུས་མི་ John Moolenaar ལགས་ཀྱིས། བདུན་ཕྲག་འདིའི་འགོ་སྟོད་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ནང་དུ་དཔལ་འབྱོར་མཐུན་འགྱུར་བརྒྱུད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་རྣམས་རྒྱལ་ཚོགས་ཀྱི་གནད་འགག་ཆེ་བའི་གནས་རིམ་ཐོག་བསྐོ་བཞག་བྱས་པ་སོགས་ཀྱི་ངན་བྱུས་འདྲ་མིན་བརྒྱུད་རྒྱལ་ཚོགས་ནང་དུ་རང་གི་ཤུགས་རྐྱེན་སྤེལ་བཞིན་པའི་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་ལུང་འདྲེན་དང་སྦྲགས། ཨ་མི་རི་ཀའི་ངོས་ནས་མཉམ་ལས་པ་དང་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཕྱི་གསལ་ནང་གསལ་གྱི་གནས་བབ་དང་དྲང་ཚུགས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན། ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་བཅས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་དུ་བེད་སྤྱོད་དུ་མི་འགྲོ་བའི་ཐབས་ལམ་ཇི་ལྟར་འཚོལ་བཞིན་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར། སྐུ་ཞབས་ Michael Waltz ལགས་ཀྱིས་རྒྱ་ནག་གིས་དཔལ་འབྱོར་མཐུན་འགྱུར་གྱི་གནོན་ཤུགས་བརྒྱུད་ནས་གོ་གནས་ཀྱི་ཐོག་ལ་བཙན་ཤུགས་ཆེན་པོ་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་དང་། དེའང་རྒྱལ་སྤྱིའི་མཚོ་འགྲུལ་སྒྲིག་འཛུགས་དང་། འཛམ་གླིང་བརྡ་འཕྲིན་མཉམ་འབྲེལ་མཐུན་ཚོགས། ཟས་རིགས་དང་ཞིང་ལས་ཚོགས་པ། འཛམ་གླིང་ཤེས་རིག་བདག་དབང་ཚོགས་པ་བཅས་ཡིན་སྐོར་དང་འབྲེལ། ཨ་རིའི་ངོས་ནས་ཐབས་བྱུས་ལྡན་པའི་ཐོག་གནད་འགག་ཆེ་བའི་གོ་གནས་ཐོག་འོས་ཞིང་འཚམས་པའི་ཨ་རིའི་མི་སྣ་བསྐོ་འཛུགས་བྱེད་བཞིན་ཡོད་ཀྱང་། ང་ཚོའི་ཤུགས་མང་བ་རྒྱག་དགོས་ས་དེ་རྒྱ་ནག་གི་མི་སྣ་བསྐོ་འཛུགས་ཐོག་ཤུགས་རྒྱག་བཞིན་པའི་ལས་བྱེད་དམའ་རིམ་དང་མཐའ་ན་ཉམས་གསོག་ལས་བྱེད་སྡེ་ཚན་དེ་ཡིན་པ་གསུངས་འདུག དེ་བཞིན་དེ་རིང་གི་བགྲོ་གླེང་ལས་རིམ་ཁྲོད་སྐུ་ཞབས་ Waltz...

དེ་རིང་ཉིན་འཁྱོངས་རིང་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་བརྗོད་པ་དང་པོའི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༦ པ་འདི་བཞིན་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་བརྗོད་པ་དང་པོའི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་པའི་ཁྲོད། སྤྱི་འཐུས་མང་དག་ཅིག་ནས་ཆ་ཤས་བླངས་ཏེ་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུའི་གདངས་རོལ་དང་བཅས་པ་ཁྲིམས་ཐོག་ནས་གཅིག་གྱུར་གཏན་འབེབས་ཀྱིས་ཚད་ལྡན་བཟོ་རྒྱུ་ཐད་དགོངས་ཚུལ་དང་བཀའ་འདྲི་ཁག་ཅིག་ཞུས་སོང་། དེ་ཡང་ཕྱི་ལོ་ ༢༠༢༥ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གིས་དེ་རིང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་འགྱུར་ཡོང་ཆེད་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། བརྗོད་པ་དང་པོའི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་མང་དག་ཅིག་ནས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་གཉིས་པའི་ནང་གསེས་དོན་ཚན་བཞི་པ། རྒྱལ་དར་གྱི་བྱུང་རིམ་ལས་འཕྲོས་ཏེ་བོད་ཀྱི་རྒྱལ་དར་དེ་དམག་དར་ནས་ཕྱིས་སུ་བསྒྱུར་བ་ཞིག་ཡིན་པའི་གསུངས་ཚུལ་ལ་མི་འདོད་པ་དང་སྦྲགས་ནས་གླེང་མོལ་གང་ཙམ་བྱུང་སོང་། སྐབས་དེར་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། བོད་ཀྱི་རྒྱལ་དར་ནི་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བའི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡོད་པའི་འཛམ་གླིང་གི་རྒྱལ་དར་རྙིང་གྲས་ཤིག་ཡིན་ལ། འཛམ་གླིང་གི་རྒྱལ་དར་སོ་སོའི་བྱུང་རིམ་དང་ཕྱོགས་མཚུངས། དམག་དར་ནས་ཕྱིས་སུ་རྒྱལ་དར་དུ་བསྒྱུར་བ་ཞིག་དང་དེ་ཡང་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸རྒྱལ་དབང་སྐུ་ཕྲེང་ ༡༣ པ་ཆེན་པོས་དམག་དར་གྱི་བཀོད་རིས་སྔར་ཡོད་ལ་གཞི་བཅོལ་ཏེ་དུས་བསྟུན་གཅིག་གྱུར་མཛད་ནས་ད་ཡོད་ཀྱི་རྒྱལ་དར་འདི་བྱུང་བ་ཡིན་ཞེས་གསུངས་ཡོད། དེ་བཞིན་སྤྱི་འཐུས་རྣམ་པས་རྒྱལ་དར་གྱི་ཚད་གཞི་དང་འབྲེལ་ནས་དེའི་བཟོ་དབྱིབས་དང་མཐོ་ཚད་རིང་ཚད། དེའི་ནང་གི་རི་མོའི་བཀོད་པ་བཅས་ཀྱི་སྐོར་ལ་དོགས་འདྲི་དང་སྦྲགས་རྒྱལ་དར་གྱི་ཚད་གཞི་དེ་ Ratio འམ་བསྡུར་ཚད་ལ་གཟིགས་དགོས་པའི་དགོངས་ཚུལ་བཏོན་སོང་། དེའི་ཁྲོད་སྤྱི་འཐུས་རྣམ་པས་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་བའི་དོན་ཚན་ཁག་ཅིག་ནང་སོགས་སྒྲ་གང་ཙམ་བཀོད་ཡོད་པའི་ཐད་ཐུགས་འཚབ་ཀྱིས་དེས་མ་འོངས་ལག་བསྟར་གནང་མཁན་རྣམས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས་ངེས་པར་ས་མཚམས་སྤྱོད་མཚམས་ཤིག་དགོས་གལ་གཟིགས་ཀྱི་ཡོད་པ་དང་། ལྷག་པར་དེ་འབྲེལ་གྱི་དོན་ཚན་གཅིག་ནང་བོད་མི་སུ་འདྲ་ཞིག་གིས་ཀྱང་མི་མང་གི་མདུན་སར་བོད་ཀྱི་རྒྱལ་དར་རམ་ཡང་ན་དེའི་ཆ་ཤས་མེ་ལ་བསྲེག་པའམ། བཙོག་པ་བཟོ་བ། རྡོག་རྫིས་གཏོང་བ་སོགས་ཀྱི་གནས་སྟངས་འབྱུང་ཚེ་དོ་བདག་དེར་ཉེས་ཆད་དུ་ལོ་ལྔའི་རིང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་དགོས་ཞེས་འཁོད་ཡོད་པ་དེའི་གོ་བ་ལེན་ཕྱོགས་སྐོར་བཀའ་འདྲི་ཕེབས་ཡོད། དེ་རིང་གི་གྲོས་ཚོགས་ཐོག་གཞན་ཡང་བོད་ཀྱི་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་ཕྱོགས་དང་སྐུ་ཕུང་ལ་རྒྱལ་དར་འགེབས་ཆོག་གཉིས་ཀྱི་སྐོར་གླེང་སློང་ཤུགས་ཆེ་གནང་བ་མ་ཟད། བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད་དང་འབྲེལ་ནས་དེའི་བྱུང་རིམ་ནང་རྒྱལ་རྟགས་ངོས་སུ་ཡོད་པའི་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཚིག་འདི་མ་བཅུག་པའི་རྒྱུ་མཚན་གསལ་བཤད་དགོས་པའི་དགོངས་ཚུལ་ཕུལ་མཁན་ཡང་བྱུང་སོང་། མ་ཟད་བོད་ཀྱི་རྒྱལ་རྟགས་བེད་སྤྱོད་བྱ་ཚུལ་ཐད་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས་བོད་ཀྱི་རྒྱལ་དར་དེ་བཞིན་འགྲོ་ལམ་དང༌གྱོན་ཆས་སོགས་ལ་འབྲི་འགོད་ཆོག་པའི་གུ་ཡངས་སྤྲོད་ཡོད་པ་དེ་ལྟར་ཡང་བོད་ཀྱི་རྒྱལ་རྟགས་དེ་འགྲོ་ལམ་དང༌། གྱོན་ཆས། ས་གདན་སོགས་མཐོང་ཆུང་འགྲོ་གཞིའི་རིགས་ལ་དཔར་བ་དང་འབྲི་འགོད་རིགས་མི་ཆོག་ཅེས་ནན་པོ་བཀོད་ཡོད་པས་དེ་ལྟར་ཐག་གཅོད་གནང་དགོས་པའི་རྒྱུ་མཚན་ཇི་ཡིན་ཐོག་བཀའ་འདྲི་གནང་སོང་བར་ཚོགས་གཙོ་མཆོག་གིས། རྒྱལ་དར་དེ་གཞུང་དམངས་གཉིས་ཀའི་བེད་སྤྱོད་ཆོག་ཀྱང་རྒྱལ་རྟགས་དེ་བཞིན་དབུས་དང་ས་གནས་ཁག་གི་ལས་ཤོག་དང༌། མཚན་བྱང་། ལས་ཐམ་བཅས་ལ་མ་གཏོགས་དེ་མིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་གཞན་སུས་ཀྱང་བོད་ཀྱི་རྒྱལ་རྟགས་བེད་སྤྱོད་གཏོང་ཆོག་གི་མེད་པ་གསུངས་སོང་། ཡང་སྤྱི་འཐུས་ཁག་གཅིག་གིས་བོད་ཀྱི་རྒྱལ་གླུའི་བྱུང་རིམ་དང་འབྲེལ་བགྲོ་གླེང་གནང་བའི་ཁྲོད། བཙན་བྱོལ་དུ་འབྱོར་རྗེས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་རྒྱལ་གླུའི་ཚིག་སྦྱོར་ལ་བསྐྱར་བཅོས་ཀྱིས་ད་ལྟ་གཏོང་བཞིན་པའི་རྒྱལ་གླུ་སྲིད་ཞིའི་ཕན་བདེ་མ་འདི་གཏོང་བཞིན་ཡོད་པས། དེ་འབྲེལ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་རང་འགྲེལ་ཡོད་མིན་དང་།...

མགོ་ལོག་དར་ལག་རྫོང་གི་དགོན་པ་ཁ་ཤས་ནང་དུ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་ཟེར་བའི་བྱེད་སྒོ་སྤེལ་བ།

ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༣ ཚེས ༡༠ ནས་བཟུང་མགོ་ལོག་གི་ཁྲ་གླིང་དགོན། ལུང་སྔོན་དགོན་སོགས་ལ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོ་ཟེར་བའི་བྱེད་སྒོ་ཆེན་པོ་ཞིག་འཚོགས་ཡོད་འདུག ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོ་ཟེར་བའི་དྲིལ་བསྒྲགས་ནང་དུ་གཅིག་བཤད་གཉིས་བརྟན་གསུམ་སྐུལ་གྱི་བྱེད་སྒོ་ཟེར་བ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༤ པའི་ཚོགས་འདུ་ཐེངས་ ༤ པའི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་རྗེས་དམིགས་བསལ་དྲིལ་བསྒྲགས་ཤིག་ཆགས་ཡོད་འདུག འབྲེལ་ཡོད་བརྒྱུད་ནས་ཤེས་གསལ་ལྟར་ན་གཙོ་བོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་། ཆོས་ལུགས་བར་གྱི་མཐུན་སྒྲིལ། ཀྲུང་གོ་ལུགས་ཅན་གྱི་བོད་བརྒྱུད་ནང་བསྟན་རྒྱུད་འཛིན། སྔོན་ཐོན་དཔེ་ལེགས་ཅན་གྱི་མི་སྣ་ལ་སློབ་སྦྱོང་བྱེད་དགོས་ཚུལ་གྱི་སློབ་གསོ་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། རྒྱ་ནག་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན། རྣམ་གཞག་གི་ངོས་འཛིན། སེམས་ཚོར་གྱི་ངོས་འཛིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཆོས་ལུགས་མི་སྣའི་སེམས་ཁམས་རྒྱ་ཁབ་ལ་ཕྱོགས་པ། ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བསམ་བློ་གཏིང་ཟབ་ཏུ་གཏོང་བ། “ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཏང་གི་བཀའ་དྲིན་དྲན་པ་”བཅས་ཀྱི་གདེང་ཚོད་དང་སེམས་ཐག་ཇེ་བརྟན་དུ་གཏོང་དགོས་པ་བཅས་ཡིན་འདུག The post མགོ་ལོག་དར་ལག་རྫོང་གི་དགོན་པ་ཁ་ཤས་ནང་དུ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་ཟེར་བའི་བྱེད་སྒོ་སྤེལ་བ།...

བོད་མངའ་རིའི་སྒར་རྫོང་དུ་ ༢༠༢༦ ལོའི་དཔྱིད་དུས་དམག་གསར་བསྡུ་ཐོའི་ནང་བོད་པའི་ན་གཞོན་མང་པོ་བསྡུས་འདུག

ཟླ་བ་འདིའི་ཕྱི་ཚེས ༡༥ ཉིན་བོད་མངའ་རིའི་སྒར་རྫོང་དུ། རྒྱ་ནག་ས་གནས་སྲིད་གཞུང་གིས་དཔྱིད་དུས་དམག་གསར་བསྡུ་བའི་ལས་གཞི་འགོ་བཙུགས་ཡོད་ཅིང་། དེར་ས་གནས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་འཛུལ་ཞུགས་དང་འབྲེལ། སྒར་གྲོང་ཚོའི་ནང་དུ་དམག་མི་གསར་ཞུགས་ཀྱི་མཛད་སྒོ་འཚོགས་འདུག དེ་ཡང་འདི་ག་གསར་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ལོ་ཤས་སྔོན་ནས་བོད་ནང་གི་ས་གནས་ས་ཁུལ་གྱི་ན་གཞོན་ཚོ་དམག་ནང་དུ་ཞུགས་དགོས་པའི་བརྡ་ཐོ་ཐེངས་མང་པོ་ཁྱིམ་ཚང་རེ་རེ་ལ་འབྱོར་ཡོད་པ་དང་། ལོ་རེར་དམག་ནང་དུ་འཛུལ་ཞུགས་བྱེད་མཁན་གྲོང་ཚོ་རེ་ནས་བོད་རིགས་གཞོན་སྐྱེས་ ༢༠ ཡས་མས་ཡོད་པ་མ་ཟད། ཁོ་ཚོ་མང་ཆེ་བ་དང་པོ་རྒྱ་ནག་ནང་གི་ས་ཁུལ་མི་འདྲ་བར་སྦྱོང་བརྡར་བྱེད་དུ་འགྲོ་དགོས་ཡོད་པ་རེད། གནད་དོན་དེ་འབྲེལ་ས་གནས་ནང་མི་ཞིག་གིས། ཁོ་ཚོ་ཕ་མ་དང་ཁ་བྲལ། རང་གི་རིག་གཞུང་དང་ཁ་བྲལ། བོད་པའི་དགོན་སྡེ་དང་ཡུལ་སྲོལ་དང་བར་ཐག་རིང་དུ་འགྲོ་བཞིན་འདུག་པས་མ་འོངས་པར་བོད་ཀྱི་ན་གཞོན་འདི་ཚོའི་ཤེས་ཡོན་དང་། ཀུན་སྤྱོད། བོད་རང་གི་འདུ་ཤེས་སོགས་ལ་སེམས་ཁྲལ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་སོང་། སྤྱིར་དམག་མིར་གསར་ཞུགས་ཀྱི་ལས་འཆར་འདི་ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་རྫོང་། ཡུན་ནན་བོད་རིགས་ས་ཁུལ། རྔ་བ་ཁུལ་སོགས་བོད་རིགས་ས་ཁུལ་མང་པོར་སྤེལ་ཡོད་པ་དང་།  དམག་དོན་སྟོབས་ཆེར་གཏོང་བའི་བསམ་བློའི་སློབ་གསོ་འདི་གཙོ་བོ་རུ་ཐོག་རྫོང་གི་ཁུངས་གཏོགས་ཡིན་པ་དང་། དེ་ནི་གཙོ་བོར་སློབ་ཆེན་སློབ་མ་དམིགས་ཡོད་པ་མ་ཟད། ལོ་ཚད་ལོན་པའི་བོད་པ་སུ་ཡིན་རུང་འཛུལ་ཞུགས་བྱ་ཆོག་གི་ཡོད་པ་རེད་འདུག གལ་ཏེ་སློབ་ཆེན་སློབ་མ་དམག་མིར་ཞུགས་ན་སློབ་ཡོན་ལ་རོགས་རམ་དང་། ཁྱིམ་ཚང་གི་དཀའ་ཁག་རྒྱལ་ཁབ་ཀྱིས་སེལ་ཐུབ་པ་ཁས་ལེན་བྱས་འདུག The post བོད་མངའ་རིའི་སྒར་རྫོང་དུ་ ༢༠༢༦ ལོའི་དཔྱིད་དུས་དམག་གསར་བསྡུ་ཐོའི་ནང་བོད་པའི་ན་གཞོན་མང་པོ་བསྡུས་འདུག appeared first on vot.

བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་འདྲི་རྩད།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་གསུམ་པའི་ཐོག་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་ཁྲོད། ༸རྒྱལ་བའི་སྐུ་ཕྱྭ་དང་མཚན་གནས་སྲུང་སྐྱོབ། སྤྱི་ཚོགས་ཁྲོད་དུ་བཀའ་ཡིག་དང་གཞུང་འབྲེལ་གསལ་བསྒྲགས་སོགས་རྫུན་བཟོ་བྱེད་པའི་གནད་དོན། ཨོ་གླིང་ནང་དུ་ཆབ་སྲིད་བཙོན་ཟུར་གཞིས་སྤོའི་ལས་གཞི་དང་ཁོང་རྣམ་པའི་ལོ་རྒྱུས་ཕྱོགས་སྒྲིག བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་ཉེ་འདབས་གཞུང་ལམ་ཁག་གི་གནས་སྟངས་སོགས་དང་འབྲེལ་ནས་འདྲི་རྩད་ནན་པོ་གནང་སོང་། དེ་ཡང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཁྲོད། དེ་རིང་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་ལས་དོན་བྱེད་ཕྱོགས་ཐད་ལ་སྤྱི་འཐུས་རྣམ་པས་འདྲི་རྩད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས། ཉེ་སྔོན་རྒྱ་མི་ཞིག་བཞུགས་སྒར་ཁུལ་དུ་གསང་ཉུལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་ཉེན་རྟོགས་པའི་འཛིན་བཟུང་བྱས་ཡོད་སྟབས། རྒྱ་མི་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་མེད་དང་། གནད་དོན་དེར་རང་གཞུང་བདེ་སྲུང་ལས་ཁུངས་ནས་དེ་འབྲེལ་ཇི་གནང་སོགས་ཀྱི་གནད་དོན་ཐད་བཀའ་འདྲི་ཞུས་སོང་བ་མ་ཟད། ཁག་ཅིག་གིས་ཉེ་སྔོན་ཨ་རིའི་མི་སྒེར་ཞིག་དང་འབྲེལ་བའི་ཡིག་ཆའི་ནང་༸གོང་ས་མཆོག་གི་མཚན་འཁོད་ཡོད་པ་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་མཚན་གནས་སྲུང་སྐྱོབ་ལ་གདོང་ལེན་གནང་ཕྱོགས་བཅས་དང་འབྲེལ་ནས་བཀའ་འདྲི་ཞུས་སོང་། གནད་དོན་དེར་བདེ་སྲུང་བཀའ་བློན་མཆོག་གིས། བཞུགས་སྒར་དུ་རྒྱ་མི་ཞིག་དང་འབྲེལ་བའི་གནད་དོན་དེ་ནི་ཚབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོ་པ་གཙུག་ལག་ཁང་གི་ཡས་ཡོན་དུ་ཕྱིན་པའི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དེ་ལྟར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་མེད་པ་གསལ་བཤད་གནང་སོང་། མ་ཟད་གནད་དོན་དེར་ལྟར་ཆར་རྒྱ་གར་འབྲེལ་ཡོད་སྡེ་ཚན་ནས་ཞིབ་འཇུག་བྱེད་མུས་ཡིན་སྟབས་གནས་ཚུལ་གཞན་ཞུ་ཐུབ་པ་མི་འདུག་ཅེས་གསུངས་སོང་བ་དང་། ལྷག་པར་ཨ་རིའི་ནང་གི་མི་སྒེར་གྱི་ཡིག་ཆ་ཞིག་གི་ནང་དུ་མགོན་པོ་༸གང་ཉིད་མཆོག་གི་མཚན་གསལ་བའི་གནད་དོན་དེར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་གནས་ཚུལ་སྤེལ་མཁན་གྱི་བརྒྱུད་ལམ་ཁག་ལ་ནོར་འཁྲུལ་ཡིན་པའི་གསལ་བཤད་ཙམ་མ་ཟད། འབྲེལ་ཡོད་དོན་གཅོད་དང་ས་གནས་ཁག་ལ་གསལ་བཤད་ལམ་སྟོན་གནང་ཡོད་པ། དེ་བཞིན་ཆེད་ལས་པའི་ངོ་བོའི་ཐོག་ནས་མ་འོངས་མཚན་གནས་སྲུང་སྐྱོབ་ཆེད་དུ་འབད་བརྩོན་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ཉེ་སྔོན་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་དང་། གསུམ་བཅུའི་དུས་དྲན་མ་སླེབས་གོང་བཀའ་ཤག་གི་གཞུང་འབྲེལ་བཀའ་ཡིག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་གསལ་བསྒྲགས་རྫུན་བཟོ་བྱས་པ་རྣམས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཕྱིན་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པ་ཁག་ལ། བདེ་སྲུང་བཀའ་བློན་མཆོག་གིས་སྐབས་དེར་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསལ་བཤད་གནང་ཡོད་པ་མ་ཟད། རྫུན་བཟོ་བྱེད་མཁན་ཡོད་ཀྱང་སྤྱི་ཚོགས་དྲ་རྒྱའི་སྟེང་ལ་འགྲེམ་མཁན་དེ་བོད་མི་ཆགས་ཀྱི་ཡོད་པར་བརྟེན། སྤྱི་ཚོགས་དྲ་རྒྱའི་བེད་སྤྱོད་བྱེད་ཕྱོགས་ལ་མ་འོངས་ཡིད་གཟབ་དགོས་པའི་ནན་བརྗོད་གནང་སོང་། མ་ཟད་དྲ་རྒྱའི་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་ནས། བོད་ཀྱི་གཅིག་སྒྲིལ་ལ་གནོད་གཞི་དང་རྩ་དོན་ལ་འགོག་རྐྱེན། ༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ལ་གཞི་རྩ་མེད་པའི་ནག་ཉེས་གཡོག་མཁན་རྒྱ་ནག་གི་བེད་སྤྱོད་འོག་མ་ཚུད་པར་བྱ་དགོས་ཤིང་། དྲ་རྒྱ་བེད་སྤྱོད་བྱེད་མཁན་བོད་མི་ཚང་མས་ཡིད་གཟབ་གནང་དགོས་པའི་བརྡ་ལན་གནང་སོང་། བདེ་སྲུང་ལས་ཁུངས་ནས་གནས་ཚུལ་རྫུན་མ་ཡོང་ཁུངས་འཚོལ་ཞིབ་སོགས་ཀྱི་ལས་དོན་གཉེར་གྱི་ཡོད་ཅིང་། གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་མི་ཡོང་བའི་ཆེད་དུ་འབད་བརྩོན་དང་། ལས་དོན་མུ་མཐུད་ཇེ་ཤུགས་ཆེ་རུང་གཏང་རྒྱུ་ཡིན་པ་གསུངས་སོང་། ལྷག་པར་སྤྱི་འཐུས་ཁག་གཅིག་གིས་ཨོ་གླིང་ཁུལ་ཆབ་སྲིད་བཙོན་ཟུར་གཞིས་སྤོའི་ལས་གཞི་དང་འབྲེལ་བའི་སྒྲིག་གཞི་ཐད་གླེང་སློང་དང་། ཆབ་སྲིད་བཙོན་ཟུར་རྣམ་པའི་ལོ་རྒྱུས་བསྡུ་ལེན་གྱི་ལས་གཞི་དང་འབྲེལ་ནས་འདྲི་རྩད་གནང་སོང་བར། བདེ་སྲུང་བཀའ་བློན་མཆོག་གིས།...

དྷི་ཚ་བཀྲ་ཤིས་ཆོས་སྡིང་གི་དགེ་འདུན་པ་ཞིག་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་སུ་གྱུར་འདུག

བོད་ཨ་མདོ་གཤོང་ཤན་བོད་རིགས་ས་ཁུལ་དུ་རྟེན་གཞི་བྱས་པའི་དྷི་ཚ་བཀྲ་ཤིས་ཆོས་སྡིང་གི་གྲྭ་བསམ་གཏན་ལགས་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་མནར་སྤྱོད་ཚད་མེད་ཀྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག རང་ལོ་ ༢༥ སོན་པའི་གྲྭ་བསམ་གཏན་ལགས་ནི་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་ WeChat སྐད་འཕྲིན་ནང་འོས་བསྡུའི་ལས་རིམ་དང་འབྲེལ་བའི་པར་རིས་བརྒྱུད་སྤེལ་བྱས་པའི་ནག་ཉེས་འོག་ཐོག་མར་བཀག་ཉར་བྱས་པ་དང་། སྐབས་དེ་ནས་བཟུང་རྒྱ་ནག་ཉེན་རྟོག་པའི་ལྟ་སྲུང་ནན་པོའི་འོག་གནས་ཡོད་པ་ཞིག་རེད་འདུག ཁོང་དངོས་སུ་བཙོན་འཇུག་ག་དུས་བྱས་མིན་གྱི་གནས་ཚུལ་གསལ་ཁ་མེད་ཀྱང་། བོད་གནས་ལྟ་ཞིབ་ཁང་གིས་ཁ་སང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྔ་ལོའི་ཕྱི་ཟླ་ ༡༢ པའི་ནང་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་གྲྭ་བསམ་གཏན་ལགས་ཀྱི་སྐུ་ཕུང་དྷི་ཚ་དགོན་ལ་རྩིས་སྤྲོད་དང་འབྲེལ། གྲྭ་བ་རྣམས་ལ་གནས་ཚུལ་དེ་ཕྱིར་བསྒྲགས་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། ཁོང་གློ་བུར་ནད་མནར་རྐྱེན་གྱིས་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ལམ་ལ་འདས་གྲོངས་སུ་གྱུར་ཡོད་ཚུལ་བརྗོད་ཀྱང་སྨན་ཁང་གི་མིང་ཁ་གསལ་བཤད་མེད་པ་རེད་འདུག སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོ་སྟེ་གྲྭ་བསམ་གཏན་ལགས་ཐོག་མར་བཀག་ཉར་བྱས་པའི་ལོ་དེ་རང་གི་ཟླ་ ༡༠ པའི་ནང་། དྷི་ཚ་དགོན་གྱི་ལོ་ན་ ༡༨ མན་གྱི་གྲྭ་ ༥༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། བོད་དཔའ་ལུང་རྫོང་ནང་རྟེན་གཞི་བྱས་པའི་བྱ་ཁྱུང་དགོན་པའི་གྲྭ་ ༣༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད། བོད་གནས་ལྟ་ཞིབ་ཁང་གིས་གྲྭ་བསམ་གཏན་ལགས་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་གྱུར་བའི་གནས་ཚུལ་དེ་བཞིན་སྔ་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གོང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ནང་དགེ་འདུན་མཐོ་རིམ་པ་མང་པོ་གར་སོང་ཆ་མེད་བཏང་བ་དང་། དགོན་པ་གྲགས་ཅན་ཁག་ལ་བཙན་འཛུལ་གྱིས་༸གོང་ས་མཆོག་དང་བཙན་བྱོལ་དུ་བཞུགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཞན་གྱི་སྐུ་པར་བཙན་འཕྲོག་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་དེའི་དབུ་ཁྲིད་ཚོར་ལྟ་ཞིབ་དང་གཉའ་གནོན་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་ཁྲོད་གསལ་ཁ་བྱུང་བ་ཞིག་ཡིན་པ་གསུངས་འདུག འདི་ལྟ་བུའི་དྲག་གནོན་སྲིད་བྱུས་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལས་འགུལ་ཟེར་བའི་འོག་ནས་བོད་མི་དང་ཡུ་གུར་བ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ། རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་སྲིད་བྱུས་གྱི་ཆ་ཤས་ཡིན་པ་གསུངས་འདུག དེའི་ཁྲོད་བོད་ནང་གི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་གི་ནང་། བོད་ཉིང་ཁྲི་དང་ལྷོ་ཁ་ཁུལ་དུ་ས་ཞིང་འདེབས་ལས་འགོ་འཛུགས་ཀྱི་མཛད་སྒོ་ཞིག་གི་ཁྲོད། ཞིང་པ་རྣམས་ཀྱིས་ས་ཞིང་འཕྲུལ་འཁོར་གྱི་མདུན་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པར་བཞག་ཡོད་པ་མཐོང་རྒྱུ་ཡོད་པ་མ་ཟད།...

བཅོས་མའི་རིག་རྩལ་ཐད་དཔལ་འབྱོར་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།

བོད་མིའི་སྒྲིག་འཛུགས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་པའི་ཁྲོད། སྤྱི་འཐུས་རྣམ་པས་ཚོར་ཤུགས་ཆེན་པོས་བཅོས་མའི་རིག་རྩལ་དང་འབྲེལ་བའི་ལས་གཞི་ཐད་དཔལ་འབྱོར་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༢ པར་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བའི་དོན་གནད་ཁག་ལ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལན་འདེབས་གསལ་བཤད་གནང་རྗེས། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཀྱི་ལས་རིམ་ཐོག་ཕེབས་སྐབས། སྤྱི་འཐུས་གཅིག་གིས་བཀའ་དྲུང་ཡིག་ཚང་གི་དམིགས་བསལ་སྔོན་རྩིས་བསྡོམས་ནང་བཅོས་མའི་རིག་རྩལ་བཀོལ་སྤྱོད་དང་འབྲེལ་ ནས་འགྲོ་གྲོན་ཧིན་སྒོར་འབུམ་ ༡༡༨ ཙམ་རྒྱབ་གཉེར་ཞུས་པའི་ཐད་ལ་དོགས་འདྲི་དང་སྦྲགས། ལས་གཞི་དེ་ཉིད་དང་འབྲེལ་བའི་འཆར་གཞི་ཇི་ཡོད་སོགས་ཀྱི་སྐོར་དགོངས་ཚུལ་བཏོན་པར། བཀའ་བློན་མཆོག་གིས་ད་ཆ་འཛམ་གླིང་འདིའི་ནང་འཕྲུལ་རིག་དང་འཕྲུལ་ཆས་སོགས་ཀྱི་འགྱུར་བ་ཤུགས་ཆེ་ཐེབས་བཞིན་པའི་ཁྲོད་འདིར་བཀའ་ཤག་ངོས་ནས་དེ་དང་མཐུན་པའི་དྲྭ་རྒྱའི་ཐོག་ནས་འཛིན་སྐྱོང་གནང་རྒྱུའི་ལམ་སྲོལ་ཞིག་འགོ་འཛུགས་ཟིན་པ་དང་དེའི་ཐོག་ཏུ་སྤྱི་ཡོངས་ནས་མ་འོངས་བཀའ་ཤག་ངོས་ནས་བཀའ་ཤག་ལྷན་རྒྱས་ཀྱི་གྲོས་ཆོད་དང་ཚོགས་འདུའི་ལམ་ལུགས། ལས་བྱེད་བཀོད་སྒྲིག་དང་བསྐོ་གཞག་སོགས་བཅོས་མའི་རིག་རྩལ་སྤྱོད་པའི་ཐོག་ནས་གནང་ཐུབ་ཚེ་འཛིན་སྐྱོང་གི་ལམ་ལུགས་རྣམས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་ཞིང་འཛམ་གླིང་དང་རྗེས་ལུས་མ་ཐེབས་པ་ཞིག་གི་ཐོག་ནས་འགྲོ་ཐུབ་པའི་རེ་བ་བསྐྱོན་པའི་ཐོག་ནས་ལས་གཞི་འདི་བཅུག་ཡིན་སྐོར་གསུངས་སོང་། བཀའ་བློན་མཆོག་གིས་ལན་འདེབས་དེ་ལས་འཕྲོད་དེ་སྤྱི་འཐུས་ཁག་གཅིག་གིས་བཅོས་མའི་རིག་རྩལ་གྱི་ལས་གཞི་འདིའི་ཆེད་རྒྱབ་གཉེར་ཞུས་པའི་དངུལ་འབོར་ཕོན་ཆེ་དེ་འཕྲུལ་ཆས་ཉོ་རྒྱུ་ཆེད་ཡིན་ནམ་ཡང་ན་ལས་གཞི་དེ་ཚོགས་པ་གཞན་ཞིག་ལ་བོག་མ་སྤྲོད་རྩིས་ཡོད་མེད། དེ་བཞིན་ལས་གཞི་འདི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་ལྷན་དུ་གཉེར་དགོས་དོན་རྒྱུ་མཚན་ཇི་ཡིན་སྐོར་འདྲི་བ་གནང་སྐབས། བཀའ་བློན་མཆོག་གིས་བཅོས་མའི་རིག་རྩལ་གྱི་ལས་གཞི་འདི་གཙོ་བོ་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་གཏོང་ཆེད་དམིགས་ནས་མཉེན་ཆས་བཟོ་རྒྱུ་ཡིན་པའི་བཀའ་ལན་དང་སྦྲགས། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བཅོས་མའི་རིག་ནུས་དང་འབྲེལ་བའི་ཁྱད་ལས་གནང་མཁན་ཡོད་པ་དེ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཆགས་ཀྱི་ཡོད་སྟབས་བཀའ་ཤག་ངོས་ནས་ཚོགས་པ་དེ་ཉིད་ལྷན་དུ་ལས་གཞི་འདི་འགོ་འཛུགས་རྒྱུའི་བང་སྒྲིག་བཞིན་ཡོད་པ་གསུངས་སོང་། འོན་ཀྱང་སྤྱི་འཐུས་རེ་བཟུང་གིས་བཀའ་ཤག་ངོས་ནས་དུས་དང་མཐུན་པའི་གོམ་པ་མདུན་སྤོས་གནང་བཞིན་པར་བསྔགས་བརྗོད་དང་རབ་བྱུང་ན་ལས་གཞི་དེ་དང་འབྲེལ་བའི་སྲིད་བྱུས་ཤིག་གང་མགྱོགས་བཟོ་དགོས་གལ་དང་དེ་འབྲེལ་ཡིག་ཆ་ཁག་གི་བདག་དབང་སུ་ལ་ཐོབ་མིན་ཐོག་སྔ་ས་ནས་ཁ་གསལ་བཟོ་དགོས་པ། ཡང་ལ་ལས་ལས་གཞི་དེ་འགོ་འཛུགས་མ་གནང་གོང་དུ་དམིགས་བསལ་ཉམས་ཞིབ་གནང་གལ་ཆེ་བ་གཟིགས་ཀྱི་ཡོད་པའི་སྐོར་དགོངས་ཚུལ་བཏོན་གནང་སོང་། སྐབས་དེར་བཀའ་བློན་མཆོག་གིས་བཀའ་ཤག་ངོས་ནས་ལས་གཞི་འདི་དང་འབྲེལ་བའི་དྲྭ་རྒྱའི་བཀོལ་སྤྱོད་ཀྱི་ལམ་སྟོན་ཡིག་ཆ་ཞིག་ཟིན་བྲིས་ཀྱི་ངོ་བོའི་ཐོག་ནས་འགོ་འཛུགས་ཏེ་རིམ་པའི་ཉམས་ལེན་གནང་བའི་ཐོག་ནས་སྐྱོན་གནས་ཁག་གསང་རྗེས་སྲིད་བྱུས་ཀྱི་ངོ་བོར་བསྒྱུར་རྒྱུ་ཡིན་པ་དང་ལས་གཞི་འདིའི་སྒྲོམ་གཞི་ག་རེ་ཆགས་མིན་སྐོར་སྔོན་ནས་གྲ་སྒྲིག་དང་ཉམས་ཞིབ་གནང་ཟིན་ཡོད་པ་གསུངས་སོང་། གཞན་ཡང་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས་བཅོས་མའི་རིག་རྩལ་གྱི་ལས་གཞི་དང་འབྲེལ་བཀའ་ཤག་ལ་དམིགས་བསལ་ཡིད་གཟབ་གནང་དགོས་པ་དང་། ལྷག་པར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ལ་བོག་མ་དེ་སྤྲོད་སྐབས་ལས་གཞི་མཇུག་བསྡུ་ཡི་དུས་ཚོད་དམིགས་བསལ་བཞག་ཡོད་མེད་དང་དེ་འབྲེལ་ལས་གཞི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དམ་ཕྱི་ཕྱོགས་ནས་མི་འགྲོ་བསྐོ་བཞག་བྱེད་ཐུབ་མིན་སོགས་ཀྱི་དྲི་བ་ཕུལ་གནང་སོང་། The post བཅོས་མའི་རིག་རྩལ་ཐད་དཔལ་འབྱོར་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་། appeared first on vot.

མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཞི་གསར་པ་དེ་ནི་གྲངས་ཉུང་མི་རིགས་ལ་སྔར་ལྷག་ཚོད་འཛིན་བྱ་རྒྱུར་དམིགས་འབེན་བཟུང་པ་ཞིག་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་ Promoting Ethnic Unity and Progress ཞེས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་ཡོད་པར་བོད་དོན་ལས་འགུལ་བསྟི་གནས་ཁང་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་གཞི་གསར་པ་དེར་སེམས་འཚབ་ཡོད་པ་བརྗོད་དེ། དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་མ་ཟད། དེ་འབྲེལ་ཚོགས་པ་རྣམས་ཕྱོགས་གཅིག་ཏུ་འབུད་རྒྱུ་ཡིན་པར་ཉེན་བརྡ་བཏང་འདུག དེ་ཡང་འདས་པའི་ལོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་འགུལ་ཟེར་བའི་འོག་ནས་བོད་མི་དང་ཡུ་གུར་བ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་ཁྲོད་འདིར། ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་ཇེ་མང་དུ་གཏོང་བའི་བརྒྱུད་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་གཞི་ངོ་སྤྲོད་བྱེད་མཁན་འཐུས་མི་ Lou Qinjian གྱིས་དེ་ནི་རྒྱ་ནག་གི་མི་རིགས་ཐམས་ཅད་ཀྱི་ནང་དུ་སྤྱི་ཚོགས་ཀྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་བར་དམིགས་པ་ཞིག་ཡིན་ཚུལ་བཤད་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་གཞི་གསར་པ་དེའི་འོག་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་རྒྱུ་སོགས་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་གནང་བཞིན་འདུག དེའི་ཁོངས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲེས་མཐོང་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་རེས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་བྱུས་ཁྲིམས་མཐུན་བཟོས་ཡོད་པ་དེ་ནི་དོན་དངོས་བོད་ནང་མི་རིགས་སྡེབ་གསོད་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། འདིས་བོད་ནང་སྔར་ནས་ལག་བསྟར་བྱས་ཟིན་པའི་སྲིད་བྱུས་ཁག་ལ་ཁྲིམས་མཐུན་གྱི་གཞི་རྟེན་ཞིག་བསྐྲུན་ཡོད་པ་དཔེར་ན་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་བཙན་ཤེད་ཀྱིས་གཏན་འཇགས་སློབ་གྲྭར་འཇུག་པའི་སྲིད་བྱུས་ལྟ་བུ་རེད་ཅེས་མངོན་གསལ་གནང་བ་མ་ཟད། དེས་བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཆེ་རུ་བཟོས་ཤིང་། གཞུང་ལ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་ཆོས་ལུགས་ཉམས་ལེན་བྱེད་པ། ཡང་ན་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ་བཅས་ལ་ཉེས་ཆད་གཅོད་པའི་ཁྲིམས་མཐུན་རྒྱུ་མཚན་ཞིག་སྤྲོད་ཀྱི་ཡོད་པར་ནན་བརྗོད་གནང་འདུག ཁོང་གིས་ད་དུང་ང་ཚོས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནོད་སྐྱོན་ཚབས་ཆེན་དག་མཐོང་ཟིན་པ་དང་འོན་ཀྱང་ཁྲིམས་གཞི་གསར་པ་འདིས་དཔེར་ན་བོད་པའི་ཕ་མ་ཚོར་རང་གི་བྱིས་པ་ཚོ་སོ་སོའི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་འདོད་ཡོད་པའི་འདོད་པ་བརྗོད་པ་ཙམ་གྱིས་ཀྱང་ཁྲིམས་ཆད་ཕོག་སྲིད་པ་ལྟ་བུ་རེད་ཅེས་གསུངས་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་སྡེ་ཁག་གཅིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་རྒྱུའི་ཁྲིམས་གསར་པ་ཞིག་གཏན་འབེབས་བརྒྱུད་སློབ་གྲྭ་དང་གཞུང་གི་ལས་ཀ སྤྱི་པའི་གནས་སུ་རྒྱ་སྐད་གཙོ་བོར་བེད་སྤྱོད་གཏོང་རྒྱུའི་སྲིད་བྱུས་ཁག་གཞུང་འབྲེལ་བཟོས་ཡོད་པར་སེམས་འཚབ་ཀྱི་རྣམ་པ་ཆེད་འདོན་དང་སྦྲགས། བཅའ་ཁྲིམས་དེའི་འོག་ནས་མ་འོངས་པར་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པའི་ཐོག་ཁོང་རྣམ་པའི་སྐད་ཡིག་བེད་སྤྱོད་ལ་ཚོད་འཛིན་དང་རིག་གཞུང་གི་ལག་ལེན་ལ་དམིགས་འབེན་འཛུགས་སྲིད་པའི་ཉེན་བརྡ་བཏང་བ་མ་ཟད། བཅའ་ཁྲིམས་གསར་པ་དེ་ནི་ཕྲུ་གུ་ཚོའི་ངོ་བོ་དང་ལོ་རྒྱུས། རིག་གཞུང་བཅས་དང་འབྲེལ་བ་གཅོད་ཐབས་ཤིག་ཡིན་པར་བརྗོད་དེ། དེ་འབྲེལ་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་ནང་གི་སོག་སྐད་ཀྱི་དྲྭ་ཚིགས་བརྒྱ་ཆ་བརྒྱད་ཅུ་ལྷག་བཀག་སྡོམ་བྱས་ཡོད་ཅིང་། རྒྱ་སྐད་ལ་བྱང་ཆུབ་པ་ནི་ལས་ཀའི་གོ་སྐབས་འཐོབ་པའི་ཆ་རྐྱེན་དུ་གྱུར་ཏེ་མི་རིགས་གྲངས་ཉུང་ཁག་ལ་དཔལ་འབྱོར་གྱི་ཐོག་ནས་མཐའ་འབུད་བྱེད་བཞིན་ཡོད་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ Yalkun...

གངས་རིན་པོ་ཆེའི་གནས་སྐོར་བར་དམ་དྲག

འདི་ལོ་བོད་ལོ་མེ་ཕོ་རྟ་ཡི་གནམ་ལོ་གསར་ཚེས་རྗེས་བོད་ཁམས་ཡོངས་ནས་ཡོང་བའི་གངས་རིན་པོ་ཆེར་གནས་སྐོར་འགྲོ་མཁན་དང་། ཕྱི་རྒྱལ་ཁག་གི་ཡུལ་སྐོར་བ་མང་རུ་སོང་ཡོད་པའི་ཁྲོད་འདིར། རྒྱ་གཞུང་གིས་གནས་མཇལ་བ་རྣམས་ལ་དམ་དྲག་བྱེད་འགོ་བཙུགས་པ་མ་ཟད། གནས་མཇལ་འགྲོ་མཁན་རྣམས་ཀྱིས་ས་གནས་སྲིད་གཞུང་ནས་ལམ་ཡིག་གསར་བཟོ་བྱེད་དགོས་འདུག འདི་ག་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། གངས་རིན་པོ་ཆེར་གནས་སྐོར་ལ་མ་འགྲོ་སྔོན་དུ་ས་གནས་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་དང་། གནས་མཇལ་བའི་བཅའ་དངོས་སོགས་སྔོག་བཤེར་བྱས་རྗེས་ས་གནས་ཉེན་རྟོག་པས་གོ་སྒྲིག་བཞིན་འགྲོ་དགོས་པ་ལས་གནས་མཇལ་བ་ཚོས་གང་འདོད་བཞིན་འགྲོ་མི་ཆོག་པ།  དེ་བཞིན་སྐོར་ལམ་གྱི་ས་ཚུགས་སུ་དམག་སྒར་གསར་རྒྱག་བྱས་ཡོད་པ་དང་གཞུང་ངོས་ནས་ཆོག་མཆན་ཐོབ་པའི་ལམ་ཡིག་མེད་ཚེ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག གངས་དཀར་ཏི་སེ་ནི་སྟོད་མངའ་རིས་སུ་ཡོད་ལ། དེ་ནི་ཆོས་ལུགས་གྲུབ་མཐའ་ཁག་གིས། སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད། ནང་བསྟན་པས་དེ་ནི་དཔལ་འཁོར་ལོ་བདེ་མཆོག་དང་། གནས་བརྟན་ཡན་ལག་འབྱུང་སོགས་གནས་བརྟན་མང་པོའི་གནས་རིར་ངོས་འཛིན་བྱས་པ་མ་ཟད། མུ་སྟེགས་རིག་བྱེད་སྨྲ་བས་ལྷ་ཆེན་དབང་ཕྱུག་གི་གནས་དང་། གཡུང་དྲུང་བོན་གྱིས་སྟོན་པ་གཤེན་རབ་མི་བོ་ཆེའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་སུ་ངོས་འཛིན་བྱེད་བཞིན་པ་ཡིན། གནས་རི་འདིར་ཆོས་ལུགས་གྲུབ་མཐའ་མང་པོས་ཕྱག་མཆོད་དང་བསྐོར་བ་བྱ་སྲོལ་ཡོད་ཅིང་། ཁྱད་པར་དུ་རྟའི་ལོ་བར་རང་ཅག་ནང་བསྟན་པ་རྣམས་གནས་བསྐོར་བྱེད་པའི་རྒྱུ་མཚན་ནི། གྲུབ་པའི་དབང་ཕྱུག་མང་པོས་སྒོམ་སྒྲུབ་བྱེད་པའི་གནས་བྱིན་ཅན་ཞིག་དང་། ཁྱད་པར་དུ་རྗེ་བཙུན་མི་ལ་རས་པའི་གནས་དེར་དཀའ་སྤྱད་མཛད་ཡོད།  ལོ་དེ་ནི་རབ་བྱུང་བཅུ་གཉིས་ལོའི་ལྕགས་རྟ་ལ་ཁེལ་བས། སྐབས་དེའི་དུས་དྲན་དང་གནས་བསྐོར་ཀྱི་ཕན་ཡོན་ལ་དམིགས་ནས། རྟའི་ལོ་ལ་ཆོས་དད་མང་ཚོགས་གནས་བསྐོར་ཏུ་འགྲོ་སྲོལ་རྒྱ་ཆེར་དར་རོ། གངས་རིན་པོ་ཆེའི་བསྐོར་ཚད་ནི། རྗེ་བཙུན་གཙང་པ་རྒྱ་རས་ཀྱིས་བཞེད་པ་ལྟར་ན་གངས་རིན་པོ་ཆེ་ལ་བསྐོར་བ་ལན་གཅིག་བསྐོར་བ་ན། སྐྱེ་བ་གཅིག་གི་སྒྲིབ་པ་དག་ཞིང་།  དེ་བཞིན་བསྐོར་བ་བཅུ་གཉིས་བསྐོར་ན། བསྐལ་བ་གཅིག་གིས་སྒྲིབ་པ་དག བསྐོར་བ་བརྒྱ་རྩ་སོང་བ་ན། ཕྲག་བཅུའི་ཡོན་ཏན་བརྒྱད་རྫོགས་ནས། ཚེ་གཅིག་སངས་རྒྱས་འཐོབ་པར་གསུངས་པ་བསྐོར་ཚད་དངོས་ཡིན་པ་བཤད་སྲོལ་ཡོད་པ་རེད། The post གངས་རིན་པོ་ཆེའི་གནས་སྐོར་བར་དམ་དྲག appeared first on vot.

༸གོང་ས་མཆོག་གིས་བོད་ཕྱི་ནང་གི་བློ་གསར་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འགན་ཁུར་བཞེས་དགོས་པའི་བཀའ་ཡིག་སྩལ་བ།

དེང་སྐབས་བོད་ནང་ལོ་ཆུང་སློབ་མ་ཁག་གཅིག་གིས་རང་ཉིད་ཀྱི་མིང་ཙམ་ཡང་བོད་སྐད་དྭངས་མའི་ཐོག་བརྗོད་རྒྱུ་དཀའ་བར་འགྱུར་བའི་ཡ་ང་བའི་གནས་སྟངས་འོག ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་དེ་མ་འོངས་པར་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་བའི་ལས་གཞི་གཞི་རྒྱ་ཆེ་རུ་སྤེལ་ངེས་ཡིན་པའི་ཁྲོད་འདིར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་རྩལ་བའི་བརྒྱུད་བོད་ཕྱི་ནང་གི་བློ་གསར་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འགན་ཁུར་བཞེས་དགོས་པའི་ལམ་སྟོན་བཀའ་ནན་སྩལ་འདུག དེའང་ཟླ་བ་སྔོན་མའི་ནང་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ལྷ་ས་བུའི་ཚོགས་པ་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཁྲོད། ༸གང་ཉིད་མཆོག་ལ་བོད་ཀྱི་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་སླད། བོད་ཕྱི་ནང་དུ་གནས་པའི་བློ་གསར་གཞོན་སྐྱེས་རྣམས་ལ་ལམ་སྟོན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་བོད་མི་ནང་ཁུལ་བོད་སྐད་མ་བརྒྱབ་པར་ཕྱིའི་སྐད་ཡིག་ལ་བརྟེན་དགོས་ན་དེ་ལས་ངོ་ཚ་བ་དང་ཐབས་སྐྱོ་བ་མེད་སྐོར་བཀའ་སྩལ་བ་དང་ཆབས་གཅིག བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱི་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་པའི་བཀའ་ཡིག་སྩལ་གནང་མཛད་འདུག ཟླ་འདིའི་ཕྱི་ཚེས་་ ༡༡ ཉིན་སྩལ་བའི་བཀའ་ཡིག་དེའི་ནང་། ༸གོང་ས་མཆོག་གིས་འཛམ་གླིང་གི་ཁྱོན་འདིར་གནས་པའི་རྒྱལ་ཁམས་མི་རིགས་སོ་སོར་རིག་གཞུང་སྐད་ཡིག་མི་འདྲ་བ་ཡོད་པ་ལྟར། བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས་མཐར་གཏུགས་ན་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དང་། སངས་རྒྱས་ཀྱི་གསུང་བཀའ་འགྱུར་དང་། དེ་དག་གི་དགོངས་འགྲེལ་བསྟན་འགྱུར། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་རྣམས་ཀྱི་གསུང་རབ། ཐ་ན་ཉིན་རེའི་ཁ་འདོན་དཔེ་ཆ་ཚུན་བོད་ཡིག་ནང་བཞུགས་ཡོད་པ་དང་འབྲེལ། བོད་ཡིག་ནས་དེ་དག་གི་དགོངས་དོན་ལེན་པ་ལྟར་སྐད་ཡིག་གཞན་ནས་ཡོང་ཐབས་མེད་པ་བཀའ་སྩལ་འདུག མ་ཟད་བོད་མིའི་ངོ་བོའམ་རྣམ་པ་མཚོན་པ་བྱ་རྒྱུ་དེ་ཡང་གདོང་དང་གཟུགས་དབྱིབས་ཙམ་མིན་པར། ལྷ་མོའི་འཁྲབ་གཞུང་དང་། འཆམ། བསང་གསོལ། ཡི་གེ་འབྲི་སྟངས། གསོ་བ་རིག་པ། གླུ་གར་རོལ་དབྱངས། ལག་ཤེས་བཟོ་རྩལ། འགྲོ་འདུག་གཤིས་སྤྱོད། ཡ་རབས་གུས་ཞབས་བྱེད་ཚུལ་སོགས་ནས་མི་རིགས་ཀྱི་རྣམ་པ་ལོགས་སུ་ཡོད་པ་གསལ་པོ་བསྟན་ཡོད་པ་དང་། ཆོས་དང་རིག་གཞུང་སྐད་ཡིག་གཅིག་གྱུར་གྱི་ཆོལ་ཁ་གསུམ་སོ་སོའི་སྐད་གདངས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་སེམས་ཐག་ཉེ་པོ་རྡོག་གཅིག་ཏུ་བསྒྲིལ་བ་འདི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་བཀའ་དྲིན་ཡིན་པ་མ་བརྗེད་པར་བྱ་དགོས་ཤིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོའི་འཁྲབ་རྩལ་ལ་མཚོན་ནའང། མི་རིགས་གཞན་དང་རྣམ་པ་ཐ་དད་པའི་མཚོན་བྱེད་བརྗིད་ཉམས་ལྡན་ཞིང་སྤྲོ་སྣང་འཕེལ་བ། བདེ་ཅག་འཁྱུག་ལ་ཡང་ཤ་དོད་པ། གླུ་གཞས་གཏོང་སྐབས་བྱིན་ཆགས་པོ་དང་། སྐད་གདངས་མགྲིན་གུག་བཅས་མི་རིགས་གཞན་དང་མི་འདྲ་བ་ཡོད་པ་གཅེས་སྤྲས་ཀྱིས་གནའ་དེང་སོ་སོར་བཞག་སྟེ་བསྲེས་ལྷད་ཉམས་ཆག་མི་འགྲོ་བ་སྲུང་སྐྱོབ་དགོས་གལ་ཡིན་པ་བཀའ་སྩལ་འདུག ཕྱོགས་མཚུངས་བོད་ཀྱི་བྱམས་བརྩའི་བསམ་བློ་གཏོང་སྟངས་དང་། ཡ་རབས་ཀྱི་སྤྱོད་ལམ།...