Shoton Festival Opens in Phuntsokling with Seven Opera Troupes
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ།
འདི་ལོ་བྱམས་བརྩེའི་ལོ་དང་འབྲེལ་བའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ་དེ་བཞིན། ༢༠༢༦ ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དབུ་འཛུགས་གནང་ཡོད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་གདུང་སྲས་འཇིགས་མེད་རིན་པོ་ཆེ་མཆོག་རྣམ་པ་གཉིས་དབུ་བཞུགས་ཐོག་ཐོག་མར་མཉམ་ཞུགས་ལྷ་མོ་ཚོགས་པ་ཁག་ནས་ཆུ་ཚོད་ཕྱེད་ཀའི་རིང་ལྷ་གཞུང་སྔོན་འགྲོ་གཟིགས་འབུལ་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་ཞོ་སྟོན་འདི་ལྟ་བུ་ཞིག་ཨོ་ཌི་ཤར་ཚོགས་ཐུབ་པར་དགའ་ཚོར་དང་འབྲེལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། མ་འོངས་པར་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་གནང་ཡོད།
ཡང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་ལོའི་ཞོ་སྟོན་ནང་ལྷ་མོ་ཚོགས་པ་ཁག་ཅིག་ངོ་བཅར་ཞུ་མ་ཐུབ་པར་བློ་ཕམ་ཡོད་སྐོར་དང་། དེ་བཞིན་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་ཀྱི་ལྷ་མོའི་དོན་དུ་མི་ཚེ་བློས་གཏོང་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། ཐེངས་འདིའི་ཞོ་སྟོན་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༢༥ བར་ཚོགས་རྒྱུ་ཡིན་པ་རེད།
གཞི་རྩའི་ན་ནིང་བཞུགས་སྒར་དྷ་སར་ཚོགས་པའི་ཞོ་སྟོན་ཐེངས་ ༢༨ པའི་ཐོག་ལྷ་མོ་ཚོགས་པ་ ༡༤ མཉམ་ཞུགས་གནང་ཡོད་ནའང་། འདི་ལོ་ཕྱོགས་མཐའི་ལྷ་མོ་ཚོགས་པའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཏེ་ཁྱོན་ཚོགས་པ་བདུན་གྱིས་ལྷ་གཞུང་དྲུག་གཟིགས་འབུལ་གནང་རྒྱུ་ཡིན་པ་སྟེ། ཀོ་ལེ་གྷལ་ལྷ་མོ་ཚོགས་པས་ལྷ་གཞུང་གཅུང་པོ་དོན་ཡོན་དོན་གྲུབ། ཅོན་ཏ་ར་བོད་ཁྱིམ་དང་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་ཁྱེའུ་པདྨ་འོད་འབར། དྷ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པས་ས་སྐྱ་པཎྜི་ཏའི་རྣམ་ཐར། བྷན་དྷ་ར་ལྷ་མོ་ཚོགས་པས་རྒྱ་བཟའ་བལ་བཟའ། སྦེལ་ཀོབ་ལྷ་མོ་ཚོགས་པས་འགྲོ་བ་བཟང་མོ། ཨོ་ཌི་ཤ་ལྷ་མོ་ཚོགས་པས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཅས་ཡིན་པ་རེད་འདུག །





