གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ།
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ་གནང་ཡོད་པ་རེད།
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བཅུ་པ་ཉེ་ལམ་ཟླ་བ་འདིའི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས། ལས་ཉིན་བརྒྱད་རིང་འཚོགས་གནང་སྟེ། དེ་རིང་ཕྱི་ཟླ་ ༠ ཚེས་ ༡༨ ཉིན་མཇུག་སྒྲིལ་གནང་ཡོད་ཅིང་། སྐབས་དེའི་ཚོགས་གཙོའི་ཚོགས་འདུ་མཇུག་སྡོམ་གྱི་གསུང་བཤད་ནང་། སྐབས་འདིའི་གྲོས་ཚོགས་ཐོག་ལེགས་གྲུབ་བྱུང་བའི་ལས་དོན་སྙན་སེང་དང་སྦྲགས། གཙོ་བོ་བཅའ་ཁྲིམས་ཀྱིས་འགན་བསྐུར་བ་ལྟར། སྤྱི་འཐུས་རྣམ་པས་བོད་མིའི་རྩ་དོན་སྒྲུབ་ཐབས་དང་། བོད་མིའི་བདེ་དོན་སྒྲུབ་ཐབས། དམིགས་བསལ་དུ་གཞིས་ལུས་བོད་མིའི་དཀའ་སྡུག་སེལ་ཐབས་ལ་འབད་བརྩོན་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་གནང་སོང་།
ཐེངས་འདིའི་གྲོས་ཚོགས་ནང་གནད་དོན་གཙོ་བོ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ ཕྱི་ལོ་ ༢༠༢༤།༢༠༢༥ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། དེའི་ཐོག་ལ་སྤྱི་འཐུས་རྣམ་པས་དོགས་འདྲི་དང་བཀའ་ཤག་གིས་གསལ་བཤད་གནང་ཡོད་ཅིང་། མ་ཟད་ད་རེས་ཀྱི་གྲོས་ཚོགས་འདིའི་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་ཅིག་ཀྱང་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཉིན་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། དྲུང་ཟུར་སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་འོས་འདེམས་ཀྱིས་བསྐོ་གཞག་ཀྱང་གནང་སོང་། གཞན་ཡང་གྲོས་ཚོགས་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་ཚོར་ཤུགས་ཆེན་པོས་བགྲོ་གླེང་གིས་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད་ལ། ཁྲིམས་བཟོའི་ལས་དོན་ནང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་དངུལ་རྩིས་སྟངས་འཛིན་སྒྲིག་གཞི་བསྐྱར་བཅོས་ཆེད་འཛུགས་ཚོགས་ཆུང་གིས་སྙན་ཐོ་སྙན་སྒྲོན་གནང་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་མཐར་དགོས་ངེས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་མ་བྱུང་བར་བརྟེན་ནས་བསྐྱར་བཅོས་དེ་འགྲོ་ཐུབ་མེད་པ་རེད།





