ཉིན་གྲངས་ ༦༠ རིང་གི་མཛད་འཆར་སྙིང་བསྡུས།
ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་མཛད་འཆར་ལེགས་པར་གྲུབ་སྟེ་ལྡི་ལིར་ཞབས་སོར་འཁོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་ ༦༠ རིང་གི་མཛད་འཆར་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་ ༢ ཚེས་ ༩ ཉིན་གྱི་ཞོགས་པ་ཧུབ་ལི་ (Hubli) ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
རྩ་བའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུའི་རིང་བཞུགས་ཞག་མཛད་པའི་རིང་དགོན་སྡེ་གྲྭ་ཚང་ཁག་གི་བྱེད་སྒོ་རྣམས་གཙོ་བོ་གྱུར་པའི་རྒྱ་གར་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་དང་། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ལེ་མཱ་ གྷ་བྷོ་ཝི་མཆོག་གཙོས་པའི་རྒྱ་གར་གྱི་ཆབ་སྲིད་དང་ཤེས་ཡོན་མི་སྣ། སྨན་པ་སོགས་མདོར་ན་གནད་ཡོད་མི་སྣ་མང་པོ་དང་ལྷན་དུ་མཇལ་ཕྲད་གནང་ཡོད་འདུག་ཅིང་། ལྷག་པར་དུ་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་༡༢༡༩༣ དང་། རྒྱ་གར་བ་ ༢༥༨༥། ཕྱི་རྒྱལ་བ་ ༡༤༨༠ བཅས་ཁྱོན་བསྡོམས་ཉིན་གྲངས་༤༧ནང་མི་མང་༡༦༢༥༨ ལ་མཇལ་ཁ་སྩལ་གནང་མཛད་པ་མ་ཟད། སེར་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་གྲྭ་ཚང་ཁག་ཅིག་གི་དགེ་འདུན་པ་གྲངས་༣༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་ཆོག་སྩལ་གནང་མཛད་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་གནང་མཛད་རྗེས་དེ་རིང་ཕྱི་ཟླ་ ༢ ཚེས་ ༩ ཞོགས་པ་ཧུབ་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།





