བགྲེས་ཡོལ་དགེ་རྒན་ཞིག་དྲ་ལམ་གཡོ་འོག་ཏུ་ཚུད་ནས་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར་འདུག

4 months ago

དྲ་ལམ་གྱི་རྐུན་མ་ཞིག་གིས་ཉེན་རྟོག་པ་ཡིན་ཁུལ་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བགྲེས་ཡོལ་དགེ་རྒན་དཔལ་ལྡན་ཆོས་གྲགས་ཞེས་པ་ཞིག་ལ་མགོ་སྐོར་འཇིགས་སྐུལ་བྱས་ནས་ཧིན་སྒོར་ ༡,༦༡,༠༠,༠༤༧ གཡོ་ལེན་བྱས་ཡོད་འདུག

བོད་མི་དགེ་རྒན་བགྲེས་ཡོལ་ཞིག་ལ་དྲ་ལམ་ནས་མགོ་སྐོར་འཇིགས་སྐུལ་བྱས་ཏེ་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར། དྲ་ལམ་གྱི་པར།

དེང་སང་ཏང་དྲ་ལམ་གྱི་ཉོ་ཚོང་དང་དྲ་ལམ་ནས་མ་དངུལ་གཏོང་ལེན། དྲ་ལམ་རོལ་རྩེད་སོགས་དར་བ་དང་བསྟུན་དྲ་ལམ་ནས་མགོ་སྐོར་བསླུ་བྲིད་གཏོང་མཁན་ཡང་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་སུ་དྲ་ཐོག་ནས་མགོ་སྐོར་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་སོ་སོའི་ངོས་ནས་གཟབ་ནན་གང་འདྲ་བྱེད་དགོས་མིན་དྲིས་པར་ཁོང་གིས། དྲ་ཐོག་ནས་མགོ་སྐོར་གཏོང་བའི་གནས་ཚུལ་དེ་གནས་སྟངས་གཉིས་ཀྱི་ཐོག་ལ་ཐུག་གི་འདུག དང་པོ་དྲ་རྒྱའི་བདེ་འཇགས་ཀྱི་ཐོག་ནས་ཚད་ལྡན་དགོས་པ་དང་། དྲ་རྒྱའི་ཁ་བྱང་དེ་དག་དངོས་གནས་ཡིན་མིན་བལྟ་དགོས་པ་དང་། དྲ་རྒྱ་དེ་ཁུངས་ལྡན་ཡིན་མིན་དང་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་ལ་ངེས་པར་དུ་བལྟ་དགོས་ཀྱི་ཡོད་པ་རེད། གཉིས་པ། དེང་སང་དྲ་ཐོག་ནས་རྒྱུ་ནོར་མགྱོགས་པོར་གསོག་རྒྱུའི་ཐབས་ལམ་དེ་བེད་སྤྱོད་བྱེད་པར་གཟབ་གཟབ་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དཔེར་ན་སོ་སོས་དངུལ་འབོར་ཞིག་མ་རྩར་འཇུག་སྐབས་བརྒྱ་ཆ་ ༡༠ མང་དུ་འགྲོ་བ་དེ་འགྲོ་སྟངས་ཤིག་རེད། དུས་ཚོད་ཐུང་ཐུང་ནང་བརྒྱ་ཆ་ ༢༠ དང་ ༣༠ སྤྲོད་ཀྱི་ཡིན་ལབ་དུས་དེ་ལ་དོགས་པ་བྱེད་དགོས་པ་དང་གཟབ་གཟབ་དགོས་གལ་ཆེན་པོ་རེད། དེང་སང་དྲ་ཐོག་ནས་ཅ་དངོས་མངགས་པ་དང་འབྲེལ་བ་བྱེད་མཁན་དེ་དག་ལ་གཟབ་གཟབ་བྱེད་དགོས་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཉེ་སྔོན་བྱུང་བའི་རྒན་དཔལ་ལྡན་ཆོས་གྲགས་ཀྱི་གནད་དོན་དེ་དང་འབྲེལ་ནས་བརྒྱུད་ལམ་དུ་གནས་ཚུལ་མང་པོ་ཐོན་འདུག་ལ། དེ་ཡང་ཐོག་མར་མ་ཧ་ར་ཤི་ཏ་ར་ (Maharashtra) མངའ་སྡེའི་ཉེན་རྟོག་པ་ཞིག་གིས་ཀོ་ལ་བྷ་ཉེན་རྟོག་ཁང་ (Kolaba Police Station) ནས་ཡིན་ཁུལ་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་དཔལ་ལྡན་ཆོས་གྲགས་ལགས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ། དྲག་སྤྱོད་པ་ཨབ་དྷུལ་ས་ལམ་ (Abdul Salam) ཟེར་བ་ཞིག་མོམ་བྷའེ་ (Mumbai) རུ་འཛིན་བཟུང་བྱས་ཡོད་པ་དང་། དྲག་སྤྱོད་པ་དེའི་ལག་ནས་དཔལ་ལྡན་ཆོས་གྲགས་ལགས་ཀྱི་དངུལ་ཁང་གི་ (ATM) ཚུད་པའི་ཨེ་ཊི་མ་ (ATM) ༢༤༢ རྙེད་སོན་བྱུང་ཡོད་པ་དང་། ཁོང་གི་དངུལ་ཁང་ནས་ཁྲིམས་འགལ་གྱིས་དངུལ་འབོར་ཆེན་བཏང་ཡོད་པ་དང་དྲག་སྤྱོད་པ་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་ཉེས་འཛུགས་བྱས་ཡོད་པ་མ་ཟད། གང་མགྱོགས་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་ཡང་བྱས་ཡོད་འདུག

དཔལ་ལྡན་ཆོས་གྲགས་ལགས་ཀྱིས་རེ་སྐུལ་ཐེངས་མང་ཞུས་ཡོད་ཀྱང་། ཉེན་རྟོག་པ་ཡིན་ཁུལ་བྱེད་མཁན་དེས་དངུལ་ཁང་ནས་དངུལ་སྟོན་པའི་ཡིག་ཆ་ཁག་བསྟན་པར་བརྟེན། ཆོས་གྲགས་ལགས་ལ་དངངས་སྐྲག་ཚབས་ཆེན་བྱུང་བ་སོགས་ལ་བརྟེན་ནས་མགོ་སྐོར་འོག་ཚུད་པ་དང་། མི་དེས་ད་ལྟ་རང་ཉིད་ཀྱི་དངུལ་ཁང་དུ་ཡོད་པའི་དངུལ་འབོར་རྣམས་རྒྱལ་ཁབ་ཀྱི་བདེ་རྩའི་མ་དངུལ་གྱི་ངོ་བོར་འཇོག་དགོས་པའི་བཀའ་བཏང་སྟེ་དངུལ་བྱང་ཞིག་བཏང་ཡོད་པ་དང་། ཞིབ་བཤེར་བྱས་རྗེས་དངུལ་ཕྱིར་ལོག་བྱ་རྒྱུ་ཡིན་སྐོར་སོགས་ཀྱང་བརྗོད་ཡོད་འདུག

ཉེན་རྟོག་པ་ཡིན་ཁུལ་བྱེད་མཁན་གྱི་རྐུན་མ་དེས་ཆོས་གྲགས་ལགས་ལ་བརྙན་ལམ་ནས་འབྲེལ་བ་བྱས་ཏེ། རང་ཁྱིམ་དུ་བཟང་བཙོན་ལ་བསྡད་དེ་གཞན་ལ་གྲོས་བསྡུར་བྱེད་མི་ཆོག་པ་དང་། གལ་ཏེ་མི་གཞན་ལ་འབྲེལ་བ་བྱས་ཚེ་རྒྱལ་ཁབ་ལ་མགོ་སྐོར་བཏང་བའི་ནག་ཉེས་འོག་ཚུད་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། ཆུ་ཚོད་གཉིས་རེའི་ནང་མི་དེ་ལ་འབྲེལ་བ་བྱེད་དགོས་པའི་བཀའ་བཏང་ཡང་འདུག

བོད་མི་དཔལ་ལྡན་ཆོས་གྲགས་ལགས་འཇིགས་སྣང་སྐྱེས་ཏེ། རང་ཉིད་ཀྱི་དངུལ་ཁང་དུ་གཏན་འཇགས་མ་དངུལ་བཞག་ཡོད་པ་དེའང་མེད་པར་བཟོས་པ་དང་། གཞན་ནས་གཡར་བ་སོགས་བྱས་ཏེ་ཧིན་སྒོར་ས་ཡ་གཅིག་དང་འབུམ་ ༦། ཁྲི་གཅིག་ལྷག་མི་དེས་སྤྲད་པའི་དངུལ་བྱང་ཐོག་བསྐུར་ཡོད་འདུག དངུལ་བཏང་རྗེས་འབྲེལ་བ་བཅད་ཡོད་པས་གཞི་ནས་མགོ་སྐོར་འོག་ཚུད་པ་ཤེས་རྟོགས་བྱུང་སྟེ། ཀར་ཝར་དྲ་ལམ་ཉེས་དོན་ཉེན་རྟོག་ཁང་(Cyber Crime Police Station in Karwar)དུ་ཕྱིན་ཏེ་ཉེས་དོན་ཐོ་འགོད་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article