བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

4 hours ago

བོད་མི་བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ལྷོ་ཤར་ཁུལ་ནས་བྱང་ཕྱོགས་སུ་བོད་དོན་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་སྤེལ་ཏེ་དགོས་འདུན་དོན་ཚན་ ༡༣ གྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཧྥ་རན་སིའི་ནང་གནས་སྡོད་བོད་དོན་ལས་འགུལ་བ་བསོད་ནམས་དོན་གྲུབ་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་དུ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་ནས་ཧྥ་རན་སིའི་ལྷོ་ཤར་ཁུལ་གྱི་མངའ་སྡེ་ (Grenoble) ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མགོ་འཛུགས་བྱས་ཏེ་དེ་རིང་ཧྥ་རན་སིའི་བྱང་ཕྱོགས་ཁུལ་གྱི་ (Rouen) གྲོང་ཁྱེར་དུ་འབྱོར་འདུག

ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་བོད་དོན་ལས་འགུལ་བ་བསོད་ནམས་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར།  ད་བར་ཧྥ་རན་སིའི་གྲོང་ཁྱེར་ ༡༠ དང་སྤྱི་ལེ་ ༢༥༠༠ ཙམ་སྐོར་སྐྱོད་གནང་ཟིན་པ་དང་། བོད་པའི་གཞོན་སྐྱེས་རྣམས་ལ་སེམས་ཤུགས་སྤར་བའི་ཆེད་དུ་ལས་འགུལ་འདི་སྤེལ་གྱི་ཡོད་སྐོར་དང་། ལས་འགུལ་སྤེལ་བའི་རིང་སྒེར་ལ་དཀའ་ངལ་འཕྲད་པ་དེ་དག་ཉིན་ཐོའི་ནང་བྲིས་ཏེ། ཕྱིས་སུ་ལས་འགུལ་མཇུག་སྒྲིལ་རྗེས། དེ་འབྲེལ་དེབ་ཅིག་བཟོས་ཏེ་མ་འོངས་པར་སྤྱི་ཚོགས་ནང་དགྲམ་རྒྱུ་ཡིན་སྐོར་བརྗོད་བྱུང་།

སྐོར་སྐྱོད་སྐབས་དཀའ་ངལ་ག་རེ་འཕྲད་ཡོད་མེད་ཐད་ཁོང་གིས། སྤྱིར་བཏང་ལས་འགུལ་སྤེལ་བའི་སྐབས་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་ཡོང་གི་འདུག ངས་ཧྥ་རན་སིའི་ལྷོ་ཕྱོགས་ཁུལ་ནས་ལས་འགུལ་སྤེལ་མགོ་བཙུགས་ཡོད་པ་དང་། ལྷོ་ཕྱོགས་ཁུལ་དུ་གནམ་གཤིས་ཚ་དྲགས་པའི་རྐྱེན་གྱིས་སྣ་ཁྲག་ཡང་ཡང་ཐོན་པའི་དཀའ་ངལ་འཕྲད་པ་དང་། ཟེ་འབྲུ་ས་ལ་ལྷུང་བའི་འགོས་ནད་ (Pollen Allergies) ཕོག་ནས་བདུན་ཕྲག་གསུམ་རིང་མིག་ཟ་འཁྲུག་ལངས་པ་དང་། མིད་པ་འགག་པ། སྣ་ཆུ་ཐོན་པ།  མིག་བསྐྲངས་པ་སོགས་ཀྱི་དཀའ་ངལ་མང་པོ་བྱུང་། དེ་བཞིན་ལས་འགུལ་སྤེལ་སྐབས་གྲོང་གསེབ་ཁག་ཏུ་ཕྱིན་ནས་ཡུལ་མི་རྣམས་ལ་བོད་དོན་དྲིལ་བསྒྲགས་སྤེལ་ཐབས་བྱེད་བཞིན་ཡོད་པ་དང་། སྐབས་རེར་ཁྱི་ཡིས་རྗེས་འདེད་གཏོང་བ་དང་ཁྱིས་རྨུག་པའི་དཀའ་ངལ་ཡང་བྱུང་སྐོར་དང་། མ་འོངས་པར་མི་མང་གི་རྒྱབ་སྐྱོར་མུ་མཐུད་གནང་བ་དང་། གཞུང་གི་ངོས་ནས་རྒྱབ་སྐྱོར་འཐོབ་ཚེ། ཧྥ་རན་སིའི་རྒྱལ་ཡོངས་དང་། ཡུ་རོབ་ནང་གི་རྒྱལ་ཁབ་ཆ་ཚང་ལ་སྐོར་སྐྱོད་བྱེད་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་ནས་དགོས་འདུན་དོན་ཚན་ ༡༣ ཡོད་པའི་ནང་། དམར་ཤོག་ཚོགས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཡོངས་གྲགས་ཡིན་པ་དང་། རྒྱ་ནག་གིས་ཁྲིམས་འགལ་གྱི་བཙན་བཟུང་འོག་བོད་མི་གཙོས་པའི་མི་གྲངས་ས་ཡ་ ༨ བསད་ཡོད་ཅིང་། གསར་བརྗེའི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་ཏེ། ཕྱི་ལོ་ ༡༩༥༩ ལོར་མགོ་སྐོར་བསླུ་བྲིད་དང་། གདུག་རྩུབ་ཀྱི་བཙན་གནོན་ལ་བརྟེན་ནས་བོད་བཙན་བཟུང་བྱས་པ། རྒྱ་ནག་གིས་དྲག་གནོན་འོག་བོད་མི་ ༡༦༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་། རྒྱ་ནག་གིས་བོད་ནང་ཆུ་རགས་གསར་རྒྱག་གི་ལས་འགུལ་སྤེལ་བཞིན་པ་མཚམས་འཇོག་དགོས་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་སླད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པ་མཚམས་འཇོག་དགོས། ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་ཀྱི་ལས་གཞི་འཕྲལ་དུ་མཚམས་འཇོག་བྱེད་དགོས། དེ་བཞིན་རྒྱ་ནག་གཙོས་བལ་ཡུལ་དང་། འབྲུག ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་གིས་བོད་ཅེས་པའི་མིང་གི་ཚབ་ཏུ་ཞི་ཙང་ (Xizang) ཟེར་བའི་ཐ་སྙད་བཀོལ་སྤྱོད་བྱེད་བཞིན་པ་མཚམས་འཇོག་དགོས་པ། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་ཁྲིད་བྱས་པའི་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འདས་སོན་གྱི་གནས་ཚུལ་ཁ་གསལ་བཟོ་དགོས་པ། དེ་བཞིན་རྒྱ་ནག་གི་བཙོན་ཁང་ནང་དུ་ཡོད་པའི་བོད་ཀྱི་བླ་སྤུལ་རྣམས་དང་། ཉེས་མེད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article