ཁ་སང་འཛམ་གླིང་སྒྱུ་རྩལ་གྱི་ཉིན་མོ་དང་བསྟུན། བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་དབུ་འབྱེད་དང་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བའི་མཐུན་ཚོགས་དེ་ཉིད་བརྒྱུད། བོད་ཀྱི་སྒྱུ་རྩལ་དང་རིག་གནས་ལ་དོན་སྙིང་ལྡན་པའི་གསོན་ཤུགས་བསྐྲུན་ནས་བོད་མིའི་སྤྱི་ཚོགས་དང་འགྲོ་བ་མི་སྤྱི་ལ་ཕན་པ་བསྒྲུབ་རྒྱུར་དམིགས་ཡོད་པ་གསལ་འདུག དེ་ཡང་དེ་འབྲེལ་འདི་གའི་གསར་འགོད་པས་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་མཐུན་ཚོགས་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། མཐུན་ཚོགས་ཀྱི་དམིགས་ཡུལ་ནི་བོད་མི་དང་བོད་རིགས་སྒྱུ་རྩལ་བས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ལམ་བུ་སྙེག་པར་རམ་འདེགས་དང་། དེ་བཞིན་སྒྱུ་རྩལ་བའི་ངོ་མཚར་གཏམ་རྒྱུད་བརྒྱུད་ནས་འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་སྤྱི་ཚོགས་ནང་དུ་དོན་སྙིང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཞལ་ཁ་འབྱེད་རྒྱུ། སྒྱུ་རྩལ་བ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དང་། སྒྱུ་རྩལ་བ་ཚང་མར་གཅིག་མཚུངས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་གྱི་གོ་སྐབས་སྤྲོད་རྒྱུ། སྒྱུ་རྩལ་གྱི་ལས་རིགས་འདྲ་མིན་གཉེར་མཁན་བར་མཉམ་ལས་གནང་ཐུབ་པ་མ་ཟད་བོད་པའི་སྒྱུ་རྩལ་གྱི་འབོད་སྒྲ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཆེས་ཆེར་རྩལ་འདོན་ཡོང་ཐབས་ལ་དམིགས་ཡོད་པ་གསུངས་བྱུང་ལ། ད་ལྟའི་ཆར་མཐུན་ཚོགས་འདིའི་སྣེ་འཁྲིད་ནི་ཚོགས་མི་བདུན་ལས་གྲུབ་པའི་ཚོགས་ཆུང་ཞིག་དང་དེར་བོད་རིགས་སྒྱུ་རྩལ་བ་ཁག་ཅིག་ལས་གྲུབ་པའི་རྒྱལ་སྤྱིའི་སློབ་སྟོན་ཚོགས་ཆུང་གིས་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་མཐུན་ཚོགས་ཀྱི་རྒྱབ་ལྗོངས་དང་འབྲེལ།ཕྱི་ལོ་༢༠༢༤ ལོའི་ཟླ་ ༡༡ ནང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཆེས་ཐོག་མ་དེ་ཚོགས་ཡོད་པ་དང་། དུས་སྟོན་དེའི་ནང་བོད་ཀྱི་རྩོམ་པ་པོ་དང་། གཞས་པ། རི་མོ་བ་སོགས་འདུ་འཛོམས་སྐབས་བོད་ཀྱི་ཐེབས་རྩ་ནས་སྒྱུ་རྩལ་པའི་དགོས་མཁོ་དང་མངོན་འདོད་ལ་རྒྱུས་ལོན་བྱེད་ཆེད་དམིགས་བསལ་གྲོས་སྡུར་གྱི་ལས་རིམ་དང་ཚོགས་འདུ་ཁག་ཁ་ཤས་ཚོགས་ཡོད་པ་ལྟར་། སྒྱུ་རྩལ་བ་རྣམས་ཀྱིས་ཁོང་ཚོར་རོགས་སྐྱོར་དང་། སློབ་སྟོན་པ་མཚམས་སྦྱོར། སྒྲིག་འཛུགས་རང་བཞིན་གྱི་རྒྱབ་སྐྱོར། ལག་ལེན་ཐུབ་པའི་ཐབས་བྱུས། བོད་དང་རྒྱལ་སྤྱིའི་སྡིངས་ཆར་མངོན་གསལ་དོད་པོའི་ངོས་འཛིན་ཡོང་བའི་དགོས་མཁོ་སོགས་གསལ་སྟོན་གནང་བ་མ་ཟད། བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཤིག་ངེས་པར་དུ་འཛུགས་དགོས་པའི་སྤྱི་མོས་ཀྱིས་རེ་བ་ཤུགས་ཆེར་བཏོན་ཡོད་སྟབས། འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་ནས་བསྡད་ཡོད་པའི་སྒྱུ་རྩལ་བ་རྣམས་གཅིག་ཏུ་འདུས་ཆེད་བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་སྒྱུ་རྩལ་མཐུན་ཚོགས་བཙུགས་པ་ཡིན་སྐོར་གསུངས་སོང་། དེ་བཞིན་ད་ལྟའི་ཆར་མཐུན་ཚོགས་ནང་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བ། དེ་བཞིན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ནས་མཉམ་ཞུགས་གནང་ཟིན་ཡོད་པ་མ་ཟད།ད་དུངའང་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་རུ་ཁག་དང་མཐུན་ཚོགས། རྒྱབ་སྐྱོར་བ། སྒྱུ་རྩལ་ལ་དགའ་མོས་གནང་མཁན་རྣམས་ནས་མཐུན་ཚོགས་འདིར་མཉམ་ཞུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་སོང་། གཞི་རྩའི་ཁ་སང་སྤེལ་བའི་བསྒྲགས་གཏམ་ནང་། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ནི་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་མཐུན་ཚོགས། རྒྱབ་སྐྱོར་བ་བཅས་ལས་གྲུབ་པའི་ཡོངས་འདུས་རང་བཞིན་གྱི་མཐུན་ཚོགས་ཤིག་ཡིན་ཞིང་། དེས་སྒྱུ་རྩལ་བ་སྐྱེད་སྲིང་དང་། གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་བྱ་བཞག་ལ་སྐུལ་འདེད། མཉམ་ལས་གོང་འཕེལ། རིག་གནས་བརྗེ་རེས་བཅས་ལ་རྒྱབ་སྐྱོར་རྒྱུས་སྟོན་དང་མཉམ་སྤྱོད་སྡིངས་ཆ་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་སློབ་སྟོན་པའི་ཁོངས་སུ་གློག་བརྙན་བཟོ་སྐྲུན་མཁན་བསྟན་འཛིན་བསོད་ནམས་ལགས་དང་། གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས། རྩོམ་པ་པོ་ལྗང་བུ་ལགས་དང་ཚེ་རིང་དབྱངས་འཛོམས་ལགས་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་སྒྱུ་རྩལ་བ་བཅུ་གཅིག་འདུག
The post བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་དབུ་འབྱེད། appeared first on vot.





