བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་གཡང་བུམ་སྨིན་སྒྲུབ་ཞུས་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་གྱི་རིང་། དཔལ་འབྱོར་ལས་ཁུངས་ཀྱི་རྐང་འགན་ཁུར་འོག་གཡང་བུམ་སྨིན་སྒྲུབ་ཞུས་ཡོད།
གཡང་བུམ་གྱི་ཕྱག་བཞེས་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་ཕེབས་ཞུགས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་གཡང་སྒྲུབ་འདི་བཞིན་ལོ་ལྟར་ཕྱི་ཟླ་བཅུ་གཅིག་གམ་བཅུ་གཉིས་ནང་སྨིན་སྒྲུབ་ཞུ་སྲོལ་ཡོད་པ་དང་། དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་གདན་ཞུའི་ཐོག་ཉིན་གྲངས་གསུམ་གྱི་རིང་སྨིན་སྒྲུབ་ཞུས་ཀྱི་ཡོད། ལྷག་པར་གཡང་བུམ་སྒྲུབ་པའི་དུས་ཡུན་འདིའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དགོས་དངུལ་འདོན་སྤྲོད་རིགས་གནང་གི་མེད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་བཙན་བྱོལ་ནང་ཕྱི་ལོ་ ༡༩༩༧ ལོར་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་ལྟར་མགོན་དཀར་གྱི་སྒོ་ནས་གཡང་སྒྲུབ་ཐོག་མ་དེ་སྨིན་སྒྲུབ་ཞུས་ཡོད་པ་བཅས།།






