མོན་གྷོ་རུ་བོད་པའི་དགེ་འདུན་པ་ཞིག་དམར་གསོད་གཏོང་མཁན་ལག་དམར་བ་ ༥ འཛིན་བཟུང་།

1 day ago

ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གྲྭ་བཀྲ་ཤིས་དོན་གྲུབ་ལགས་སུ་རྐང་ལག་བསྡམས་ཏེ་བསད་རྗེས་ཕུང་པོ་རྙེད་སོན་བྱུང་ཡོད་པ་དང་འབྲེལ། ཉིན་དྲུག་པ་འགྲོ་བཞིན་པ་དང་བསྟུན་ཁ་ཉིན་ས་གནས་ཉེན་རྟོག་པས་ཉེས་ཅན་པ་མི་གསུམ་འཛིན་བཟུང་དང་ཁ་སང་ཉེས་ཅན་པ་མི་༢ འཛིན་བཟུང་དང་སྦྲགས་ཁྱོན་ཉེས་ཅན་པ་ ༥ ཆ་ཚང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་ ༤ ཚེས་ ༢༩ ཉིན་གྱི་སྔ་དྲོར་གྲྭ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་ཕུང་པོ་དྷར་ཝཌ་གྲོང་ཁྱེར་གྱི་མཐའ་མཚམས་ཤིག་ཏུ་རྙེད་སོན་བྱུང་ཡོད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གཅིག་གོང་གི་དགོང་མོའི་ཕྱག་ཚོད་ ༡༡ ཡོལ་ཙམ་ལ་གྲྭ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་རྐང་ལག་བསྡམས་ཏེ་བཀྲོངས་ཡོད་པ་མ་ཟད། ཉེན་རྟོག་པས་དོན་རྐྱེན་འདིར་རྩད་གཅོད་བྱས་པའི་རྗེས་སུ་ཁ་ཉིན་ཉེས་ཅན་པ་གསུམ་འཛིན་བཟུང་དང་ཁ་སང་མི་གཉིས་འཛིན་བཟུང་བྱས་ཡོད་འདུག གནས་ཚུལ་ལ་གཞིགས་ན་གྲྭ་བཀྲ་ཤིས་དོན་གྲུབ་ལགས་དངུལ་གྱི་ཆེད་དུ་བསད་པ་ཞིག་ཆགས་ཀྱི་འདུག་པ་མ་ཟད། ཐོག་མར་མི་བསད་མཁན་དེ་དག་གིས་གྲྭ་བཀྲ་ཤིས་དོན་གྲུབ་ལགས་ལ་དངུལ་ཡོད་པར་བསམ་ནས་བཙན་ཁྲིད་བྱས་པ་དང་རྗེས་སུ་གྲྭ་ བཀྲ་ཤིས་དོན་གྲུབ་ལགས་ལ་དངུལ་སྒོར་གཅིག་ཀྱང་མེད་པ་ཤེས་རྗེས་ཁོང་བསད་དེ་ཉེས་ཅན་པ་དེ་དག་བྲོས་ཡོད་འདུག རྩ་བའི་ཉེས་ཅན་པ་དེ་དག་རྒྱ་གར་གྱི་མངའ་སྡེ་མ་ཧ་རཱས་ཊ་ནས་མོན་གྷོ་རྫོང་ཁོངས་སུ་ལོ་ལྟར་བུར་ཤིང་གཅོད་འབྲེག་ཆེད་དུ་སླེབས་ཀྱི་ཡོད་པ་དང་ཁོང་རྣམས་ཀྱིས་གྲྭ་བཀྲ་ཤིས་དོན་གྲུབ་ལགས་བསད་རྗེས་ལམ་ཞོར་དུ་ཕུང་པོ་གཡུགས་ཡོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན་ད་བར་ཉེན་རྟོག་པས་མི་ལྔ་འཛིན་བཟུང་བྱས་པ་དེ་དག་ནས་གསུམ་ནི་ Sangeetha Yadav དང་། Vaibhav Chavan དེ་བཞིན་ Siddesh Bhosle བཅས་ཡིན་པ་དང་། མི་གཞན་གཉིས་ཀྱི་མིང་ད་ལྟའི་ཆར་ཁ་གསལ་མེད་པ་དང་ཁོང་ལྔ་པོ་མཱ་ཧ་ར་ས་ཊ་མངའ་སྡེ་ནས་ཡིན་པ་རེད་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་དྷར་ཝཌ་ས་གནས་ཉེན་རྟོག་པ་དང་ཚོགས་འདུ་འཚོགས་ཡོད་པ་དང་འབྲེལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་སང་ཉིན་ནས་བཟུང་ཁྲིམས་ཁང་ལ་ཁྲིམས་གཏུག་གནང་རྒྱུ་ཡིན་པ་མ་ཟད། ཉེས་ཅན་པ་དེ་དག་ལ་ཉེས་པ་ཚབས་ཆེན་ཕོག་ཐབས་བྱེད་ཀྱི་ཡིན་པ་སོགས་གསུངས་འདུག

The post མོན་གྷོ་རུ་བོད་པའི་དགེ་འདུན་པ་ཞིག་དམར་གསོད་གཏོང་མཁན་ལག་དམར་བ་ ༥ འཛིན་བཟུང་། appeared first on vot.

Original Article