སངས་རྒྱས་ཀྱི་རིང་བསྲེལ་ལྷན་དུ་བཞུགས་པའི་རྩ་ཆེའི་ནོར་བུ་ཁག་གི་འགྲེམས་སྟོན་དབུ་འབྱེད། 

4 months ago

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མེ་ཏོག་པདྨ་དང་འོད་མདངས་ The Light and the Lotus: Relics of the Awakened One ཞེས་པའི་བརྗོད་གཞིའི་འོག་སངས་རྒྱས་ཀྱི་རིང་བསྲེལ་ལྷན་དུ་བཞུགས་པའི་རྩ་ཆེའི་ནོར་བུའི་རིགས་འགྲེམས་སྟོན་འགོ་འཛུགས་གནང་འདུག་པ་དང་། རིང་བསྲེལ་འདི་བཞིན་ལོ་ངོ་ ༡༢༧ རྗེས་རྒྱ་གར་ནང་ཚུར་གདན་འདྲེན་ཞུས་ཏེ་བཞུགས་སུ་གསོལ་བ་ཞིག་ཡིན་པ་རེད་འདུག

Courtesy: Kundenling Tatsak Rinpoche

དེ་ཡང་དེ་རིང་ཕྱི་ཟླ་ ༡ ཚེས་ ༣ ཉིན་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Rai Pithora Cultural Complex རཡི་པི་ཐོ་ར་རིག་གཞུང་ཁང་དུ་ Piprahwa པིཔ་ར་ཝའི་རིང་བསྲེལ་གྱི་འགྲེམས་སྟོན་དབུ་འབྱེད་གནང་འདུག་པ་དང་། དབུ་འབྱེད་དེ་བཞིན་སྲིད་བློན་མོ་དྷི་མཆོག་གིས་གནང་ཡོད་ཅིང་། སྐབས་དེར་རྒྱ་གར་རིག་གཞུང་བློན་ཆེན་དབུས་པའི་དབུས་གཞུང་གི་བློན་ཆེན་ཁག་གཅིག ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན། དེ་བཞིན་ནང་པའི་སྐུ་ཚབ་གཞན་ཁག  རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་པ་སོགས་གནད་ཡོད་མི་སྣ་དང་སློབ་ཕྲུག་སོགས་ལྷན་ཞུགས་གནང་འདུག

Courtesy: Kundenling Tatsak Rinpoche

དབུ་འབྱེད་མཛད་སྒོའི་ཐོག་སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་ནི་འཛམ་གླིང་རྒྱལ་ཁབ་གཞན་དང་ལྷན་དུ་ཆབ་སྲིད་དང་རྒྱལ་འབྲེལ་ཐབས་བྱུས་ཙམ་མིན་པར་ཆོས་ལུགས་དང་དད་མོས་ཀྱི་ཐོག་ནས་ཡང་འབྲེལ་བ་ཡོད་པ་ཞིག་དང་། རྒྱ་གར་ནི་ནང་པ་སངས་རྒྱས་རྒྱུན་འཛིན་པའི་དཔེ་མཚོན་གསོན་པོ་ཞིག་ཡིན་པ་མ་ཟད། དེ་འབྲེལ་རིང་བསྲེལ་ཁག་སྲུང་སྐྱོབ་བྱེད་ཡོད་ཅིང་། སངས་རྒྱས་ཀྱི་མཁྱེན་པ་དང་ལམ་སྟོན་དེ་དག་འགྲོ་བ་མིའི་རིགས་ཡོངས་སུ་རྫོགས་པ་ལ་དབང་ཡོད་སྐོར་སོགས་གསུངས་འདུག

Courtesy: Kundenling Tatsak Rinpoche

རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ Gajendra Singh Shekhawat མཆོག་གིས་ནང་པའི་ལྟ་བ་ནི་རྒྱ་གར་གྱི་འགྲན་ཟླ་དང་བྲལ་བའི་ལྟ་གྲུབ་ཞིག་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་པའི་ཆོས་ནི་ཨེ་ཤི་ཡ་ཙམ་མིན་པར་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་མན་ངག་ལྟར་ཕན་པའི་བྱ་བ་སྒྲུབ་ཡོད་པ་སོགས་གསུངས་འདུག

Courtesy: Kundenling Tatsak Rinpoche

རྩ་བའི་ད་རེས་ཀྱི་འགྲེམས་སྟོན་དེའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ Kolkata ཀོལ་ཀ་ཏའི་འགྲེམས་སྟོན་ཁང་དུ་བཞུགས་པའི་སངས་རྒྱས་ཀྱི་རིང་བསྲེལ་ཁག རྒྱལ་ཁབ་གཞན་ལ་ཕྱི་གྱར་བའི་སངས་རྒྱས་ཀྱི་རིང་བསྲེལ། གཞན་ཡང་རིང་བསྲེལ་དང་ལྷན་དུ་རྙེད་པའི་རྩ་ཆེའི་ནོར་བུ་རིགས་བཤམ་ཡོད་པ་དང་། དེའི་ཁྲོད་ནས་ད་རེས་ Piprahwa Relic པིཔ་ར་ཝའི་རིང་བསྲེལ་དེ་ཕྱི་ལོ་ ༡༨༩༨ ལོར་ British ཨིན་ཇིའི་འཆར་འགོད་པ་ William Claxton Peppé ཝི་ལི་ཡམ་ཀེལེཁ་ཊོན་པེ་པེ་ཡིས་རྟོགས་ཞིབ་ཁྲོད་རྙེད་སོན་བྱུང་བ་ཞིག་ཡིན་པ་དང་། སྔ་ལོའི་ཕྱི་ཟླ་ ༤ པའི་ནང་ཧོང་ཀོང་དུ་ Sotheby’s ཟེར་བའི་སྒྱུ་རྩལ་གྱི་བར་ཚོང་རྒྱག་མཁན་སྡེ་ཁག་ཆེ་གྲས་ཀྱིས་ Auction རིན་སྡུར་ཚོང་སྒྱུར་བྱ་རྒྱུའི་ནང་གསར་བསྒྲགས་བྱས་པའི་རྗེས། རྒྱ་གར་གཞུང་གིས་རིང་བསྲེལ་དེ་ནི་སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་སྟེ། རིན་སྡུར་ཚོང་སྒྱུར་དེ་ཉིད་འཕྲལ་དུ་བཀག་འགོག་བྱ་དགོས་པའི་ཁྲིམས་ཐོག་བརྡ་ཁྱབ་ཞིག་བཏང་ཡོད་པ་རེད། གཞུང་གིས་བར་ཚང་བྱས་པ་ལ་བརྟེན་ནས་ཚོང་སྒྱུར་དེ་བཀག་ཡོད་པ་དང་། དེའི་རྗེས་རྒྱ་གར་ Mumbai  མུམ་བྷེ་ནང་དུ་རྟེན་གཞི་བྱས་པའི་ Godrej Industries Group གྷོ་དེ་རིཇ་བཟོ་གྲྭས་བསླུ་ཡོན་ཞུས་ཡོད་པ་རེད། དེ་ནི་རྒྱ་གར་དབུས་རིག་གཞུང་ལྷན་ཁང་དང་བཟོ་གྲྭ་དེའི་བར་ public-private partnership འམ་ཡུན་རིང་གྱི་མཉམ་ལས་རོགས་ཟླའི་རྒྱན་རྒྱའི་ཐོག་ནས་མཁོ་སྒྲུབ་གནང་ཐུབ་པ་བྱུང་འདུག དེ་ཡང་འཚོང་མཁན་དང་ཉོ་མཁན་བཟོ་གྲྭ དེ་བཞིན་རྒྱ་གར་གཞུང་བར་ཟླ་བ་གཉིས་ཙམ་གྱི་རིང་གྲོས་མོལ་བྱས་ཡོད་ཅིང་། དེའི་ནང་ནོར་བུ་རྡོ་ཆའི་རིགས་ ༣༤༩ ཡོད་པ་དང་། དེ་ནི་ ༡༨༩༨ ལོར་ Peppé པེ་པེས་སྔོག་འདོན་བྱས་པའི་གནའ་རྫས་རྒྱ་ཆེར་ཡོད་པ་དེའི་ཆ་ཤས་ཡིན་པ་རེད་འདུག ལྷག་པར་ཕྱི་ལོ་ ༡༨༩༩ ལོར་ཁོང་གིས་གནའ་རྫས་མང་ཆེ་བ་ Kolkata ཀོལ་ཀ་ཏའི་འགྲེམས་སྟོན་ཁང་དུ་སྤོ་བཞུད་བྱས་ཡོད་པ་དེ་ལྟར་ཡང་། ཁག་གཅིག་རྒྱ་གར་གྱི་ཕྱི་ལ་འཁྱེར་ཏེ། ལོ་བརྒྱ་ཕྲག་གཅིག་ལྷག་ཉར་འཇོག་བྱས་ཡོད་པ་རེད། 

Courtesy: Kundenling Tatsak Rinpoche

དེའི་རྗེས་སུ་ཕྱི་ལོ་ ༡༩༧༡ ནས་ ༡༩༧༧ བར་ Archaeological Survey of India (ASI) Archaeological Survey of India རྒྱ་གར་གནའ་རྫས་རྟོག་ཞིབ་ལས་ཁང་གྱིས་ཁུལ་དེར་སླར་ཡང་སྔོག་འདོན་སྐབས། པུར་སྒམ་རྙེད་སོན་བྱུང་ཡོད་པ་དང་། དེའི་ནང་རིང་བསྲེལ་ ༢༢ ཐོན་ཏེ་ད་ལྟ་ཆར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་བཞུགས་ཡོད་པ་རེད།

Courtesy: Kundenling Tatsak Rinpoche

གཞི་རྩའི་ད་རེས་འགྲེམས་སྟོན་ནང་རིང་བསྲེལ་ཙམ་མིན་པར་སངས་རྒྱས་ཀྱི་མཛད་པ་དང་། སྒྱུ་རྩལ་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ནང་པའི་ལོ་རྒྱུས་ཀྱི་འགྲེམས་སྟོན་གནང་ཡོད་པ་དང་ལྷག་པར་སངས་རྒྱས་ཀྱི་སྐུ་ཚེ་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་འདུག གློག་བརྙན་དེའི་ནང་རྒྱ་གར་གཞུང་ནས་ Piprahwa Relic པིཔ་ར་ཝའི་རིང་བསྲེལ་ཚུར་གདན་འདྲེན་ཞུས་པའི་བརྒྱུད་རིམ་འབད་བརྩོན་ཇི་གནང་སྐོར་གསལ་སྟོན་བྱས་པ་དང་། རིང་བསྲེལ་དེ་ནི་སྔ་ལོའི་ཕྱི་ཟླ་ ༧ པའི་ནང་ལོ་ངོ་ ༡༢༥ ཙམ་གྱི་རྗེས་སུ་རྒྱ་གར་ནང་གདན་འདྲེན་ཞུས་ཐུབ་འདུག

Original Article