༄༅། །ཕྱི་ལོ་ ༢༠༢༦ ཟླ་བ ༠༢ ཚེས་ ༡༣ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུར་སྐུ་བཞུགས་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས། རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དྷ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གཙོས་དད་ལྡན་མི་མང་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་ཆིབས་འཁོར་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པས་གཙོས་དྷ་སའི་སེར་སྐྱ་མི་མང་དང་། ཕྱི་ནང་གི་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་དང་༧སྐུའི་ཞལ་མཇལ་ཞུས་ཡོད་ལ། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།།






